༄༅། །གང་འདྲ་ཞིག་ལ་སྤྱི་འབངས་ཟེར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-03


གང་འདྲ་ཞིག་ལ་སྤྱི་འབངས་ཟེར།

《རྩ་ཁྲིམས།》ཀྱི་དོན་ཚན་33ནང་གཏན་འབེབས་བྱས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་ཀྱི་མི་ཚང་མ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ཡིན་པ་དང་། དོན་ཚན་ཨང་33ནང་ད་དུང་གཏན་འབེབས་བྱས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ཡིན་ཕྱིན་བཅའ་ཁྲིམས་མདུན་དུ་ཚང་མ་འདྲ་མཉམ་ཡིན།

 

སྤྱི་འབངས་གང་དག་ལ་བདམས་བྱ་དང་འདེམས་བྱེད་ཀྱི་དབང་ཆ་ཡོད་དམ།

《རྩ་ཁྲིམས》ཀྱི་དོན་ཚན་34ནང་གཏན་འབེབས་བྱས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་ལོ་ཧྲིལ་པོ་18སླེབས་པའི་སྤྱི་འབངས་ལ་མི་རིགས་དང་། རིགས་རུས། ཕོ་མོ། ལས་རིགས། ཁྱིམ་ཚང་གི་འབྱུང་ཁུངས། ཆོས་ལུགས་ཀྱི་དད་པ། སློབ་གསོའི་ཆུ་ཚད། རྒྱུ་ནོར་གྱི་གནས་ཚུལ། སྡོད་པའི་དུས་ཚད་བཅས་ལ་མི་བལྟོས་པར་ཚང་མར་བདམས་བྱ་དང་འདེམས་བྱེད་ཀྱི་དབང་ཆ་ཡོད་ཅིང་། འོན་ཀྱང་ཁྲིམས་ལྟར་ཆབ་སྲིད་ཀྱི་དབང་ཆ་མེད་པ་བཟོས་པའི་མི་ཚུད་མེད།

 

རང་རྒྱལ་གྱི་སྤྱི་འབངས་ལ་གཞི་རྩའི་ཆབ་སྲིད་རང་མོས་གང་དག་ཡོད་དམ།

《རྩ་ཁྲིམས།》ཀྱི་དོན་ཚན་35ནང་གཏན་འབེབས་བྱས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ལ་གཏམ་བརྗོད་དང་། པར་འགྲེམས། འདུ་ཚོགས། ཚོགས་སྤྱི་འཛུགས་པ། ཁྲོམ་སྐོར་ངོ་རྒོལ་བཅས་ཀྱི་རང་དབང་ཡོད།

 

རང་རྒྱལ་སྤྱི་འབངས་ཀྱི་ཆོས་དད་རང་མོས་ལ་རྩ་ཁྲིམས་ཀྱིས་གཏན་འབེབས་ཇི་ལྟར་བྱས་ཡོད་དམ།

《རྩ་ཁྲིམས།》ཀྱི་དོན་ཚན་36ནང་གཏན་འབེབས་བྱས་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་ཀྱི་ཆོས་དད་རང་མོས་ཡིན། རྒྱལ་ཁབ་ལས་ཁུངས་དང་། སྤྱི་ཚོགས་ཚོགས་པ། དེ་བཞིན་མི་སྒེར་བཅས་གང་རུང་གིས་སྤྱི་འབངས་ཀྱིས་ཆོས་ལུགས་ལ་དད་པ་བྱེད་པའམ་དད་པ་བྱ་མི་རུང་བའི་བཙན་དབང་གཏོང་མི་ཆོག ཆོས་ལུགས་ལ་དད་པ་བྱེད་པའམ་དད་པ་མི་བྱེད་པའི་སྤྱི་འབངས་ལ་མཐོང་ཆུང་བྱེད་མི་ཆོག རྒྱལ་ཁབ་ཀྱིས་རྒྱུན་གཏན་གྱི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོབ་བྱེད་པ་དང་། མི་གང་རུང་གིས་ཆོས་ལུགས་བེད་སྤྱད་དེ་སྤྱི་ཚོགས་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བ་དང་། སྤྱི་འབངས་ཀྱི་ལུས་ཁམས་བདེ་ཐང་ལ་གནོད་འཚེ་གཏོང་བ། རྒྱལ་ཁབ་ཀྱི་སློབ་གསོའི་ལམ་ལུགས་ཀྱི་བྱེད་སྒོར་འགོག་རྐྱེན་བཟོ་བ་བཅས་བྱ་མི་ཆོག །

 

ཅི་ཞིག་ལ་བཙན་ཤེད་ཀྱིས་རང་དབང་གཉེན་སྒྲིག་ལ་ཐེ་གཏོགས་བྱེད་པའི་ནག་ཉེས་ཟེར།

བཙན་ཤེད་ཀྱིས་རང་དབང་གཉེན་སྒྲིག་ལ་ཐེ་གཏོགས་བྱེད་པ་ནི་བཙན་ཤེད་ཀྱིས་མི་གཞན་པའི་གཉེན་སྒྲིག་དང་ཡང་ན་གཉེན་འཐོར་རང་དབང་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ལ་ཟེར། 《ཉེས་ཁྲིམས།》ཀྱི་དོན་ཚན257པའི་གཏན་འབེབ་གཞིར་བཟུང་སྟེ། བཙན་ཤེད་ཀྱིས་མི་གཞན་པའི་གཉེན་སྒྲིག་རང་དབང་ཐེ་གཏོགས་བྱེད་མཁན་ལ། ལོ་གཉིས་ཡན་ཆད་དུས་བཀག་བཙོན་འཇུག་དང་ཡང་ན་དུས་ཐུང་བཙོན་འཇུག་གི་ཉེས་ཆད་གཅོད་དགོས། ཚན་པ་སྔོན་མའི་ནག་ཉེས་བསགས་ཏེ། གནོད་འཚེ་ཕོག་མཁན་ཤི་རྐྱེན་བཟོ་མཁན་ལ། ལོ་གཉིས་ཡན་ཆད་དང་ལོ་བདུན་མན་ཆད་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་དགོས། ཚན་པ་དང་པོའི་ནག་ཉེས་བསགས་པར་ཁྲིམས་སྦྱོར་བྱས་ཚེ་ཐག་གཅོད་དགོས། །

 

ཅི་ཞིག་ལ་བུད་མེད་དང་བྱིས་པ་གཡོ་ཚོང་བྱེད་པའི་ནག་ཉེས་ཟེར།

བུད་མེད་དང་བྱིས་པ་གཡོ་ཚོང་བྱེད་པའི་ནག་ཉེས་ནི་ཕྱིར་ཚོང་དམིགས་ཡུལ་དུ་བྱས་ཏེ། བུད་མེད་དང་བྱིས་པ་གཡོ་ཚོང་དང་བཀྱིགས་ཁྲིད། རྔན་བསླུ། ལོག་ཚོང་། བརྒྱུད་སྐྱེལ། བར་བཤུག་བཅས་བྱེད་པ་དང་ཡང་ན་བཙན་ཤེད་དང་འཇིགས་སྐུལ། ཡང་ན་ཚོང་སྦྲིད་ཀྱི་ལག་ཐབས་བཀོལ་ནས་བུད་མེད་དང་བྱིས་པ་དཀྱིགས་ཁྲིད་བྱེད་པ་དང་ཕྲུ་གུ་དམར་འབྱར་ལྐོག་བརྐུ་བྱེད་པ་བཅས་ཀྱི་བྱ་སྤྱོད་ལ་ཟེར། 《ཉེས་ཁྲིམས།》ཀྱི་དོན་ཚན240བའི་གཏན་འབེབ་གཞིར་བཟུང་སྟེ། བུད་མེད་དང་བྱིས་པ་གཡོ་ཚོང་བྱེད་མཁན་ལ། ལོ་ལྔ་ཡན་ཆད་དང་ལོ་བཅུ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་པ་མ་ཟད། དངུལ་ཆད་ཀྱང་གཅོད་དགོས། གཤམ་གྱི་གནས་ཚུལ་རིགས་གཅིག་ལྡན་ཚེ། ལོ་བཅུ་ཡན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་ཡང་ན་ཚེ་བཙོན་གྱི་ཉེས་ཆད་གཅོད་པ་མ་ཟད། དངུལ་ཆད་གཅོད་པ་དང་ཡང་ན་རྒྱུ་ནོར་ཀྱང་གཞུང་བསྡུ་བྱེད་དགོས། གནས་ཚུལ་ཧ་ཅང་ཚབས་ཆེན་ཡིན་ན། སྲོག་ཆད་གཅོད་པ་མ་ཟད། རྒྱུ་ནོར་ཀྱང་གཞུང་བསྡུ་བྱེད་དགོས། (གཅིག) བུད་མེད་དང་བྱིས་པ་གཡོ་ཚོང་བྱེད་པའི་ཚོགས་ཁག་གི་གཏེ་བོ། (གཉིས།) བུད་མེད་དང་བྱིས་པ་གསུམ་ཡན་ཆད་གཡོ་ཚོང་བྱེད་མཁན།

(གསུམ།) གཡོ་ཚོང་བྱས་པའི་བུད་མེད་ལ་ལོག་གཡེམ་བྱེད་མཁན། (བཞི།) གཡོ་ཚོང་བྱས་པའི་བུད་མེད་བསླུ་བྲིད་དང་བཙན་སྐུལ་བྱེད་པ་དང་ཡང་ན་གཡོ་ཚོང་བྱས་པའི་བུད་མེད་མི་གཞན་ལ་བཙོང་ནས་བཙན་ཤེད་ཀྱི་སྨད་ཚོང་བྱེད་དུ་འཇུག་མཁན། (ལྔ།) ཕྱིར་འཚོང་བྱེད་པ་དམིགས་ཡུལ་དུ་བྱས་ནས། བཙན་ཤེད་དང་འཇིགས་སྐུལ་དང་ཡང་ན་ཚོར་སྦྲིད་ཀྱི་ལག་ཐབས་བཀོལ་ནས་བུད་མེད་དང་བྱིས་པ་དཀྱིགས་ཁྲིད་བྱེད་མཁན། (དྲུག) ཕྱིར་འཚོང་བྱེད་པ་དམིགས་ཡུལ་དུ་བྱས་ནས། ཕྲུ་གུ་དམར་འབྱར་ལྐོག་བརྐུ་བྱེད་མཁན། (བདུན།) གཡོ་ཚོང་བྱས་པའི་བུད་མེད་དང་བྱིས་པ་དང་ཡང་ན་དེའི་ཉེ་འབྲེལ་ལ་རྨས་སྐྱོན་ཚབས་ཆེན་བཟོས་པ་དང་ཤི་བ་དང་ཡང་ན་དེ་མིན་མཐའ་འབྲས་ཚབས་ཆེན་བཟོ་མཁན། (བརྒྱད།) བུད་མེད་དང་བྱིས་པ་མངའ་ཁོངས་ཕྱི་ལ་བཙོང་མཁན། །

 

ཅི་ཞིག་ལ་བསམ་བཞིན་དུ་རྨས་སྐྱོན་བཟོས་པའི་ནག་ཉེས་ཟེར།

བསམ་བཞིན་དུ་རྨས་སྐྱོན་བཟོས་པའི་ནག་ཉེས་ནི་བསམ་བཞིན་དུ་ཁྲིམས་དང་མི་མཐུན་པ་མི་གཞན་པའི་བདེ་ཐང་ལ་གནོད་པ་སྐྱེལ་བའི་བྱ་སྤྱོད་ལ་ཟེར།《ཉེས་ཁྲིམས།》ཀྱི་དོན་ཚན་234བའི་གཏན་འབེབས་གཞིར་བཟུང་སྟེ། བསམ་བཞིན་དུ་མི་གཞན་པའི་ལུས་པོར་གནོད་པ་སྐྱེལ་མཁན་ལ། ལོ་གསུམ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་དུས་ཐུང་བཙོན་འཇུག་དང་ཡང་ན་དོ་དམ་གྱི་ཉེས་ཆད་གཅོད་དགོས། ཚན་པ་སྔོན་མའི་ནག་ཉེས་བསགས་པ་དང་། མི་ལ་རྨས་སྐྱོན་ཚབས་ཆེན་བཟོ་མཁན་ལ། ལོ་གསུམ་ཡན་ཆད་དང་ལོ་བཅུ་མན་ཆད་ཀྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅོད་དགོས། མི་ཤི་རྐྱེན་བཟོས་པ་དང་ཡང་ན་ཧ་ཅང་གདུག་རྩུབ་ཀྱི་ལག་ཐབས་སྤྱད་དེ་མི་ལ་རྨས་སྐྱོན་ཆེན་པོ་ཐེབས་ནས་དབང་པོར་སྐྱོན་ཚབས་ཆེན་བཟོ་མཁན་ལ། ལོ་བཅུ་ཡན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་ཚེ་བཙོན་དང་ཡང་ན་སྲོག་ཆད་ཀྱི་ཉེས་ཆད་གཅོད་དགོས། བཅའ་ཁྲིམས་འདི་ཉིད་ལོགས་སུ་གཏན་འབེབས་ཡོད་ན། གཏན་འབེབས་ལྟར་སྒྲུབ་དགོས། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1