༄༅།།གངས་རིའི་དཔའ་མོ་ཆོས་དབྱིངས་སྐྱིད།

ལྡོང་ནོར་སྡེ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 11-02


མཐོན་མཐིང་མཁའ་ལ་སྐར་ལྔའི་དར་དམར་གཡོ། །

ལྷ་གླིང་ས་ཆེན་རྒྱལ་གླུའི་དབྱངས་ཀྱིས་འདར། །

མི་རིགས་ང་དྲུག་དགའ་བའི་ཐལ་སྒྲ་འབུམ། །

དབྱར་སྐྱེས་རྔ་གསང་ལྡིར་བའི་རྗེས་སུ་འགྲོ། །


ཅི་འདི་ཨེ་མ་གངས་ལྗོངས་མཛངས་མའི་མཆོག །

རྐང་མགྱོགས་གྲུབ་པའི་དཔའ་མོ་ཆོས་དབྱིངས་སྐྱིད། །

ཡ་རྩལ་གསེར་གྱི་རྟགས་མ་ཐོབ་པ་ཡི། །

སྐད་ཅིག་གཉིས་པའི་སྒེག་ཉམས་ངོམས་པས་སོ། །


གྲོགས་དག་ད་དུང་དེ་ལས་མཚར་བ་ཡི། །

ལྐོག་གྱུར་དོན་གྱི་གཏམ་བཟང་གསར་བ་ཞིག །

ལོ་མང་སྔོན་གྲུབ་ཨོ་རྩལ་གསེར་གྱི་རྟགས། །

དེང་འདིར་གངས་ཅན་བུ་མོའི་མགུལ་བར་ཐོབ། །


རིན་ཆེན་དང་པོའི་རྟགས་མ་ཟུང་གཅིག་གིས། །

དཔལ་དཀྱིལ་ཨ་མའི་ལུས་ལ་གཟི་མདངས་སྐྲུན། །

གངས་ལྗོངས་ལྷ་མོའི་སྙིང་ལ་སྤོབས་པ་བསྐྱེད། །

གཅེས་ཕྲུག་མ་ཁྱོད་མཐོ་སྒང་དཔལ་མོའི་རྒྱན། །


གངས་དཀར་ཕྱོགས་ལས་རྣམ་རྒྱལ་གར་གྱིས་རྩེན། །

ཁྲི་གཤོགས་མཚོ་མོས་སྙན་པའི་རླབས་ཕྲེང་རྒོད། །

བདག་ཀྱང་རིགས་མཐུན་གྲོགས་ཀྱི་རྗེས་འབྲང་ནས། །

བསྟོད་ཚིག་གསར་བའི་མེ་ཏོག་རྒྱང་ནས་འགྲེམས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1