༄༅། །བོད་ཀྱི་གསོ་བ་རིག་པ་ལས་བཏུང་བ་ཆུ་ཡི་བཟང་ངན་བསྟན་པ་མེས་པོའི་དགོངས་རྒྱན།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 11-03


 དེ་ཡང་ཇི་སྐད་དུ། ཆུ་ཡིས་ཕན་ཙམ་ཞིག་སྨན་གྱིས་ག་ལ་ཕན། །ཆུ་ཡིས་གནོད་ཙམ་ཞིག་དུག་གིས་ག་ལ་གནོད། །ཅེས་གསུངས་པ་ལྟར་འགྲོ་དྲུག་གཙོ་བོར་གྱུར་པའི་མི་ལུས་འདི་ཉིད་ཡུན་དུ་གནས་པར་བྱེད་པ་ལ། ཆུ་ནི་མེད་དུ་མི་རུང་བའི་དངོས་པོ་ཞིག་ཡིན་ཞིང་ཚེ་སྲོག་གི་འབྱུང་རྩ་ཞེས་ཀྱང་འབོད་ཀྱི་ཡོད། དེ་བས་ཆུ་ནི་ལུས་དང་གྲིབ་མ་ཇི་བཞིན་མི་རྣམས་ཀྱི་འཚོ་བའི་ཁྲོད་རྟག་ཏུ་བསྟེན་པའི་བཏུང་བྱའི་རིགས་ཤིག་ཡིན་པས་ན། དེ་ལེགས་པར་བསྟེན་ཤེས་ན་ལུས་སྲོག་འཚོ་ཞིང་ཚེ་ཡུན་དུ་བསྲིང་བར་བྱ་བའི་ནུས་པ་ཡོད་ལ། གལ་ཏེ་དེ་ལས་ལྡོག་པར་གྱུར་ན་ལུས་ཀྱི་འབྱུང་ཁམས་འཁྲུགས་པའི་རྒྱུ་རུ་གྱུར་པའོ། །རྒྱུན་གཏན་འཚོ་བའི་ཁྲོད་མི་ཚང་མས་ཉིན་ལྟར་ཆུ་འཐུང་བཞིན་ཡོད་མོད། འོན་ཀྱང་ཆུ་གང་དང་གང་དག་འཐུང་ན་རང་གི་ལུས་ལ་ཕན་པའམ་འཕྲོད་པོ་ཡོད་མེད་གསལ་པོ་མཁྱེན་གྱི་མེད། སྤྱིར་ན་བྱ་བ་ཐམས་ཅད་ལ་ལེགས་ཉེས་དང་དངོས་པོ་ཐམས་ཅད་ལ་བཟང་ངན་ཡོད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་ཞིང་། ང་ཚོ་སྨྲ་ཞིང་དོན་གོ་བའི་རིགས་སུ་གྱུར་པའི་གང་ཟག་ཅིག་ལ་མཚོན་ན་ལེགས་ཉེས་བླང་དོར་དང་བཟང་ངན་སྤང་བླང་ཤེས་པ་བྱ་རྒྱུ་ནི་ཤིན་ཏུ་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་པར་སྙམ། དེ་བས་ནམ་རྒྱུན་འཚོ་བའི་ཁྲོད་མི་རྣམས་ཀྱིས་ཆུ་བསྟེན་སྐབས་དེའི་བཟང་ངན་གྱི་དབྱེ་བ་ཤེས་སླ་ཆེད།  གཤམ་དུ་བོད་ཀྱི་གསོ་བ་རིག་པའི་དགོངས་པ་དང་འབྲེལ་ནས་བཏུང་བྱ་ཆུ་ཡི་བཟང་ངན་གྱི་དབྱེ་བའི་སྐོར་ཅུང་ཟད་ངོ་སྤྲོད་ཞུ་བར་བྱའོ། །

དང་པོ། འབྱུང་ས་ཁུངས་ཀྱི་སྒོ་ནས་ཆུའི་བཟང་ངན་བསྟན་པ།

དེ་ཡང་བོད་ཀྱི་གསོ་བ་རིག་པའི་དགོངས་པ་ལྟར་ན།ཆུ་ལ་དབྱེ་བ་བདུན་དུ་ཕྱེ་བཞིན་ཡོད་ཅིང་། དཔལ་ལྡན་རྒྱུད་བཞི་ལས། ཆུ་ནི་ཆར་ཆུ་གངས་ཆུ་ཆུ་ཀླུང་ཆུ། །ཆུ་མིག་ཁྲོན་པ་བ་ཚྭ་ཤིང་གི་ཆུ། །རིམ་པས་དང་པོ་མཆོག་ཡིན་ཕྱི་མ་དམན། །ཞེས་བསྟན་པའོ། །དེ་བས་ཆུ་རིགས་དབྱེ་བ་བདུན་དུ་ཕྱེ་བ་དེ་དག་གི་བཟང་ངན་ཡང་རིམ་པས་སྔ་མ་སྔ་མ་རྣམས་བཟང་ཞིང་ཕྱི་མ་ཕྱི་མ་དམན་པའོ། །དེ་རྣམས་རིམ་བཞིན་ཅུང་ཟད་ངོ་སྤྲོད་ཞུས་ན། དེ་དག་ལས་ཆེས་བཟང་ཤོས་ནི་མཁའ་ལས་བབས་པའི་ཆར་ཆུ་ཡིན་པ་སྟེ། དེ་ནི་ཇི་སྐད་དུ། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་པ་དང་ནི་དྲི་མ་མེད། །འཐུང་ན་ལྟོ་བར་མི་གནོད་ཅིང་། །མགྲིན་པ་ལ་ཡང་མི་གནོད་པའོ། །ཞེས་ཡན་ལག་བརྒྱད་དང་ལྡན་ཅིང་ཆུ་ཡི་ནང་ནས་བདུད་རྩིར་མཚུངས་པར་བརྗོད། དེ་ནས་རིམ་བཞིན་གངས་རི་ལ་སོགས་བཞུར་བ་ལས་བྱུང་བའི་ཆུ་དེ་རེག་བྱ་དང་ངོ་བོ་གཉིས་ཀ་རབ་ཏུ་བསིལ་བ་ཡིན་པས། ཕོ་བའི་མེ་དྲོད་ཞན་པ་དང་ན་ཚོད་རྒན་པོ་རླུང་ཤས་ཅན་སོགས་ལ་ཅུང་ཟད་མི་འཕྲོད་པར་བཤད།

གཙང་པོ་སོགས་ཀླུང་ནས་དལ་གྱིས་བབས་པའི་ཆུ་བོ་ཆེན་པོ་དེ་རྣམས་ཀྱང་དབྱར་གཙང་ཐོག་མར་རྒྱས་པའི་ཟླ་བ་གཉིས་ཀྱི་སྐབས་སུ། ས་སྟེང་གི་མི་གཙང་བ་ཀུན་གཙང་ཆུ་དང་འདྲེས་པས། ཆུ་རྙོགས་མ་ཅན་དུ་གྱུར་པ་མི་བཟང་བ་དང་། ས་འོག་ནས་རང་བཞིན་གྱིས་བརྡོལ་བའི་ཆུ་མིག་གི་ཆུ་དེ་ལའང་གནས་ཀྱིས་དབང་གིས་སྣ་ཚོགས་ཡོད་དེ། དཔེར་ན། ས་གཙང་ཉི་འོད་ལེགས་པར་ཕོག་ཅིང་སྐམ་ཤས་ཆེ་བའི་གནས་སུ་ཡོད་པའི་ཆུ་མིག བྲག་དང་རྡོ་མང་དུ་ཡོད་སར་གནས་པའི་ཆུ་མིག་ནི་ཅུང་ཟད་བཟང་བ་ཡིན་ཞིང་། བརླན་གཤེར་ཆེ་ལ་ཉི་འོད་སོགས་མེད་སར་གནས་པའི་ཆུ་མིག་ནི་ཕལ་ཆེར་ངན་པ་ཡིན་པས་གཟབ་པར་འཚལ། ཡང་ས་འོག་བྲུས་པ་ལས་ཐོན་པའི་ཁྲོན་པའི་ཆུ་ནི་ངན་པར་གཏོགས་པ་བཏུང་བ་རུང་ཙམ་ཞིག་ཏུ་ངོས་འཛིན་གྱི་ཡོད་པས་རྒྱུན་དུ་འཐུང་དགོས་ཚེ་ལེགས་པར་བསྐོལ་དགོས་པ་ཤེས་པར་བྱའོ། །དེ་ནས་བ་ཚྭ་ཅན་གྱི་མཚོ་དང་བ་ཚྭ་ཅན་གྱི་ས་ལས་བྱུང་བའི་ཆུ་མིག་དང་ཆུ་ཕྲན་སོགས་གང་ཡིན་རུང་རབ་ཏུ་ངན་པ་སྟེ། དཔལ་ལྡན་རྒྱུད་བཞི་ལས། བ་ཚྭ་སྲོག་ཆགས་ཁུ་བས་ཉེས་ཀུན་བསྐྱེད། །ཅེས་གསུངས་པ་ལྟར་རོ། །དེ་དག་ལས་ཆེས་སྡུག་ཤོས་ནི་ནགས་ཚལ་ཀྱི་དཀྱིལ་ནས་ཐོན་པའི་ཆུ་མིག་སོགས་ཤིང་གསེབ་ཏུ་དལ་གྱིས་བབས་པའམ་འཁྱིལ་ནས་སྡོད་པ། དེ་ལ་ཉི་མ་དང་ཟླ་བའི་འོད་ཟེར་སྐར་མའི་འོད་མདངས་བཅས་ཕོག་རྒྱུ་མེད་ལ་རླུང་གི་རྫིའང་ཕོག་རྒྱུ་མེད་པས་ནམ་རྒྱུན་ཤིང་ཆུ་ཞེས་ཤིན་ཏུ་ངན་པར་བརྩི་བཞིན་ཡོད་ཅིང་། དེས་ལྦ་བའི་ནད་དང་ཤ་ལྷག་སོགས་བསྐྱེད་པ་དང་ལྟོ་བ་དང་མགྲིན་པ་སོགས་ལའང་གནོད་པའོ། །

གཉིས་པ། ནམ་ཟླ་དུས་ཀྱི་སྒོ་ནས་ཆུའི་བཟང་ངན་བསྟན་པ།

དེ་ཡང་ནམ་ཟླ་དུས་ཚིགས་མི་འདྲ་བའི་དབང་གིས་ཆུ་ལ་བཟང་ངན་སྣ་ཚོགས་འབྱུང་བཞིན་ཡོད་དེ། ཇི་སྐད་དུ། དཔྱིད་ཆུ་ངན་སྟོན་ཆུ་བཟང་ཞེས་པའི་དཔེ་ལྟར། སྤྱིར་ན་རང་ཡུལ་ཁ་བའི་ལྗོངས་འདིར་མཚོན་ན་དུས་ཚིགས་བཞི་ལས་སྟོན་གྱི་ཆུ་དེ་ཆེས་བཟང་ཤོས་ཡིན་ཞིང་ངོ་བོའི་སྒོ་ནས་ཡང་བ་སྟེ། ལུས་ཀྱིས་འཇུ་སླ་བ་ཡིན་པའོ། །དེ་ནས་དབྱར་དགུན་གྱི་ཆུ་དེ་བར་མར་གྱུར་པ་སྟེ། ངོ་བོའི་སྒོ་ནས་ཀྱང་ལྕི་ཡང་བར་མར་གནས་པའོ། །གཞན་དུས་ཚིགས་བཞི་ལས་དཔྱིད་ཀའི་ཆུ་དེ་ཆེས་ངན་ཤོས་སུ་གྱུར་ཡོད་ཅིང་དེ་ནི་གཙོ་བོ་ངོ་བོ་ལྕི་བའི་དབང་གིས་ལུས་ཁམས་ཀྱིས་འཇུ་དཀའ་བར་གྱུར་པས་ཡིན་པའོ། །དེ་ལྟར་དབྱེ་འབྱེད་བྱེད་དགོས་དོན་ཡང་གཙོ་བོ་ཁྲུས་ལ་ཞུགས་པ་དང་ཆུ་ཚན་བསྟེན་པ་སོགས་ཀྱི་སྐབས་སུ་གཙོ་བོ་སྟོན་ཆུ་བསྟེན་དགོས་ཤིང་། མ་མཐར་ཡང་དཔྱིད་སོས་ཀྱི་ཆུ་དེ་སྤང་དགོས་པ་ཤེས་པར་བྱ་དགོས། དེ་མིན་ནམ་རྒྱུན་ང་ཚོས་ཆུ་སྐོལ་ཏེ་འཐུང་སྐབས་དཔྱིད་སོས་དུས་ཀྱི་ཆུ་ནི་ངོ་བོ་ལྕི་བ་ཡིན་པས། མང་ཙམ་བསྐོལ་དགོས་པ་དང་མ་མཐར་ཡང་ལྦུ་བ་མ་བསང་བར་དུ་བསྐོལ་དགོས་པ་ཤེས་པར་བྱའོ། །

གསུམ་པ། གནས་ས་ཡུལ་གྱི་སྒོ་ནས་ཆུའི་བཟང་ངན་བསྟན་པ།

དེ་ཡང་ཆུ་དེ་གནས་ས་ཡུལ་གྱི་སྒོ་ནས་བལྟས་ན། ཡུལ་སྐམ་ཤས་ཆེ་བའི་གནས་སུ་ཡོད་པའི་ཆུ་ནི་ངོ་བོའི་སྒོ་ནས་ཡང་བ་ཡིན་པས་ཅུང་ཟད་གཞན་ལས་བཟང་བར་བསྟན་པ་དང་། ཡུལ་སྐམ་གཤེར་བར་མར་གནས་པའི་ཆུ་དེ་འབྲིང་ཙམ་དུ་གཏོགས་པ། དེ་ལས་ལྡོག་པ་ཡུལ་བརླན་གཤེར་ཆེ་བ་ནགས་ཚལ་དང་ཆར་ཞོད་ཆེ་བའི་ཁུལ་དུ་གནས་པའི་ཆུ་ནི་ངན་པར་བརྩི་བཞིན་ཡོད། དེ་ལྟར་རང་ཉིད་གནས་སའི་ཁོར་ཡུག་དང་བསྟུན་ནས་ཆུ་དེ་ངོ་བོ་ལྕི་བ་ཡིན་ཚེ། རབ་བྱུང་ན་ཆུ་གྲང་རྗེན་པར་འཐུང་རྒྱུ་མེད་ཅིང་དེ་ལྟར་བཏུང་ཚེ་ཆུའི་ནང་གི་སྙིགས་མ་དང་། སྲིན་འབུ་ཕྲ་མོའི་རིགས་རྣམས་ཁོག་པར་ཤོར་ཏེ་ལྟོ་བ་བཤལ་བ་སོགས་ནད་རིགས་སྣ་ཚོགས་འབྱུང་ཉེན་ཡོད་ལ། དེ་ཉིད་ལེགས་པར་སྐོལ་ཏེ་འཐུང་ན་ལུས་ལ་འཕྲོད་པ་སྟེ། མ་མཐར་ཡང་ལྦུ་བ་མ་བསང་བར་རྒྱུན་རིང་ཙམ་བསྐོལ་དགོས་པ་ཤེས་པར་བྱའོ། །

བཞི་པ། འཚོ་བ་དངོས་དང་སྦྱར་ནས་ཆུའི་བཟང་ངན་བསྟན་པ།

དེ་ཡང་དེང་གི་དུས་སུ་མི་རྣམས་སྤྱོད་མང་ཤོས་ཀྱི་ཆུ་ནི་ཀ་ལ་ལས་བྱུང་བའི་ཆུ་སྤྱོད་བཞིན་ཡོད་ཅིང་། དེ་ཡང་གཙོ་བོ་རང་ཉིད་གནས་སའི་ཆུ་དེ་ཡུལ་སྐམ་གཤེར་བརླན་གསུམ་དང་། །ངོ་བོ་ལྕི་ཡང་བར་མ་གསུམ་གོང་དུ་གསུངས་པ་ལྟར་བརྟག་སྟེ་སྤྱད་ན་མིའི་གཟུགས་གཞི་བདེ་ཐང་ལ་ཕན་ཐོགས་ངེས་ཅན་ཡོད་པའོ། །དཔེར་ན། ཡུལ་བརླན་གཤེར་ཆེ་བའི་ཁུལ་ནས་བྱུང་ཞིང་ཆུ་དེ་ཉིད་ཆུ་རིགས་དབྱེ་བ་བརྒྱད་ལས་ཆུ་མིག་དང་། ཁྲོན་པ་སོགས་ཀྱི་ཆུ་ཡིན་ན་དུས་ཡུན་མང་ཙམ་བསྐོལ་དགོས་པ་སྟེ། མ་མཐར་ཡང་ལྦུ་བ་མ་བསང་བར་དུ་བསྐོལ་དགོས་པའོ། །དེ་མིན་ནམ་ཟླ་དུས་ཚིགས་དང་ཟུང་འབྲེལ་བྱས་ཏེ་ཐད་ཀར་ཆུ་གྲང་འཐུང་ན་འགྲིག་མིན་དང་ཆུ་དེ་དུས་ཚོད་ཇི་ཙམ་བསྐོལ་དགོས་མིན་སོགས་གཏན་འཁེལ་བྱས་ཏེ་སྤྱོད་རྒྱུ་ནི་དེ་བས་གལ་ཆེ་བའོ། །

གཞན་དེང་སང་མི་མང་པོ་ཞིག་གཏེར་ཆུར་གྲགས་པའི་གྱིག་དམ་ནང་གི་ཆུ་དེ་སྤྱོད་རྒྱུར་དགའ་པོ་ཡོད་ཅིང་། སྤྱིར་ན་ཆུ་དེ་ནི་རྒྱུན་རིང་གྱིག་དམ་ནང་བླུགས་ཏེ་བཞག་པ་ཡིན་པའི་དབང་གིས། ངོ་བོའི་སྒོ་ནས་ལྕི་བར་གྱུར་པས་གཟུགས་གཞི་བདེ་ཐང་ལ་མི་ལེགས་པ་སྟེ། ཁྱད་པར་ཕོ་བའི་མེ་དྲོད་ཞན་པ་དང་རྒན་རྒོན་རྣམས་ཀྱིས་བསྟེན་ན། ལུས་ཁམས་འཁྲུགས་འགྲོ་བའི་ཉེན་ཁ་ཡང་ཡོད་པའོ། །འོན་ཀྱང་གཞོན་ནུ་ཤ་དར་ཁྲག་དར་རྣམས་དང་དུས་རྒྱུན་དུ་བསྟེན་མཁན་རྣམས་ལ་ནི་གནོད་པའི་ངེས་པ་མེད་དེ། དཔལ་ལྡན་རྒྱུད་བཞི་ལས། རྩོལ་བཅས་སྣུམ་བསྟེན་དྲོད་ཆེ་དར་ལ་བབ། །སྟོབས་ལྡན་གོམས་པར་ཟོས་ལ་གནོད་མི་འགྱུར། །ཞེས་གསུངས་པ་ལྟར། གཅིག་ནས་དར་མ་རྣམས་ནི་ལུས་ཀྱི་མེ་དྲོད་ལེགས་པའི་སྒང་ཡིན་པ་དང་། གཉིས་ནས་ཡུན་རིང་འཐུང་པར་གྱུར་ན་གོམས་པར་གྱུར་བའི་དབང་གིས་དེ་ཙམ་མི་གནོད་པའོ། །གཞན་ཡང་དེང་སང་མི་འགའ་ཞིག་གིས་ཚོང་ཁང་ནས་ཉོས་པའི་ཆུ་ཁོ་ནར་ཁ་གོམས་ཏེ། རྟག་ཏུ་དེ་ཉིད་སྤྱོད་པ་དེའང་ཡང་དག་པའི་ཆུ་སྤྱོད་སྟངས་ཤིག་མིན་པ་སྟེ། ཆུ་དེ་དག་ལ་མི་ཚང་མས་ཁ་རྒྱུན་འཇག་སྟེ་གཏེར་ཆུར་འབོད་པ་ཙམ་ལས་དོན་དུ་དེ་དག་ཕལ་ཆེར་གཏེར་ཆུ་མིན་པར་ཆུ་ཀླུང་དང་མཚེའུ་སོགས་ལས་བླངས་པའི་ཆུ་དེའི་གྲུབ་ཆ་མང་པོ་ཞིག་གཙང་སེལ་ལམ་དེར་གནས་སྲིན་འབུ་ཕྲ་མོ་རྣམས་བསད་པ་ཙམ་དུ་ཟད། དེས་ན་དེ་ཉིད་རྒྱུན་དུ་བསྟེན་དྲགས་ན་མིའི་གཟུགས་པོར་མཁོ་བའི་འཚོ་བཅུད་རྒྱུ་ཆ་ཕྲ་མོ་མང་པོ་ཞིག་མི་འདང་བར་གྱུར་པ་སྟེ། དེ་དག་ནི་རང་བྱུང་ལྷུན་གྱིས་གྲུབ་པའི་གཏེར་ཆུ་རྣམས་ལ་མ་གཏོགས་མེད་པས་སོ། །གལ་ཏེ་འཚོ་བཅུད་ཀྱི་རྫས་ཕྲ་མོ་དེ་དག་ཟད་པའམ་ཉུང་དྲགས་པར་གྱུར་ན་ནད་མང་པོ་ཞིག་སློང་ཉེན་ཡོད་པས་རང་ཅག་རྣམས་ཀྱིས་ངེས་པར་ཤེས་པ་བྱ་དགོས་སོ། །

ལྔ་པ། མཇུག་བསྡུ་བ།

དེ་ཡང་དཔལ་ལྡན་རྒྱུད་བཞི་ལས། ནད་སློང་རྐྱེན་གཉིས་དྲན་པས་རྟག་ཏུ་སྤང་། ཞེས་གསུངས་པ་ལྟར། འགྲོ་བའི་ལུས་འདི་ཉིད་ནད་མེད་དུ་གནས་ཤིང་ཚེ་རིང་བར་གནས་དགོས་ན་ཐོག་མར་ཟས་དང་སྤྱོད་ལམ་གྱི་འགྲོ་ལྡོག་ཤེས་དགོས་རྒྱུ་གལ་ཆེ་ཞིང་། ཁྱད་པར་དེ་དག་གི་བཟང་ངན་དབྱེ་འབྱེད་ཤེས་རྒྱུ་ནི་དེ་བས་གལ་ཆེ་བའོ། །

ཆུ་ནི་སེམས་ཅན་ཀུན་གྱི་སྲོག་ཡིན་པས། །

ཡུལ་དུས་གནས་སོགས་ཞིབ་པར་དཔྱད་པ་དང་། །

འཕྲོད་དང་མི་འཕྲོད་འགྲོ་ལྡོག་ཤེས་པ་ཡིས། །

རྟག་ཏུ་ཆུ་བཟང་བསྟེན་ལ་འབད་པར་བྱ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1