༄༅།།དགྲ་ལྷ་རྩེ་རྒྱལ་གྱིས་བླངས་པའི་གླུ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 01-02


སྲས་དགྲ་ལྷ་རྩེ་རྒྱལ་དེ་ཉིད་དགུང་ལོ་བཅུ་གཅིག་གི་ངོ་ལྟས་ཡོད་པ་གདན་ལས་ཡར་བཞེངས་ཏེ་ན་རེ། ཡ། འོ་ན་ཡབ་ཆེན་ཞལ་དཀར་ལགས། ལ་གསུང་ལུང་གཏམ་མ་མཛད་པར། བུ་སྣང་རྒྱལ་གླུ་ལ་ལ་ཚུར་གསོན་དང་། ཉམས་མཚར་པོའི་ལོ་རྒྱུས་འགའ་གདའ་སྟེ། ཡིད་གཏད་སོའི་ལོ་རྒྱུས་ཚིག་གསུམ་ཞུ། ཟེར་ནས་ངག་རྟ་ཚེ་གླུ་དཀར་མོ་ལ་དྲངས་ཏེ་ཕུལ་བར་གདའ་འོ། །

   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   རྗེ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །

   བྱིན་རླབས་གཏེར་ཁ་འབྱེད་དུ་གསོལ། །

   དངོས་གྲུབ་བདུད་རྩིའི་ཆར་ཆེན་ཕོབས། །

   རིགས་དྲུག་འཁོར་བའི་འདམ་ནས་དྲོངས། །

   ས་འདིའི་ས་ངོ་མ་ཤེས་ན། །

   རྨ་ཡུལ་སེང་ཆེན་བྱང་སྟོད་ནས། །

   གངས་དཀར་པོ་ཤེལ་གྱི་མཆོད་རྟེན། །

   སེང་ཆེན་གཡུ་རལ་རྒྱས་པའི་རི། །

   ཙནྡན་ཤིང་གི་ར་བ་ནས། །

   རྒྱ་སྟག་འཛུམ་དྲུག་རྒྱས་པའི་རི། །

   གཙང་རྒྱས་ཆུ་ཡི་ཞགས་པ་ལ། །

   ཉ་སྲམ་གསེར་མིག་རྒྱས་པའི་རི། །

   ཞིང་ས་ལྗང་ཆུང་ར་བ་ནས། །

   འབྲུ་དཀར་གཏེར་ཁ་འབྱེད་པའི་རི། །

   རི་བོ་བཞི་ཡི་ས་ཆ་ནས། །

   མཁར་མི་འགྱུར་དངུལ་ཆུ་ཁྲོ་རྫོང་རེད། །

   ཕོ་ང་དང་ང་ངོ་མ་ཤེས་ན། །

   འབུམ་པའི་དགྲ་ལྷ་རྩེ་རྒྱལ་ཡིན། །

   མིང་གཡེར་ཆེན་དགུང་ནས་གྲགས་ན་ཡང་། །

   མའི་ནུ་ཞོ་ཁ་ནས་བཞག་རུང་ཡིན། །

   གླུ་འདི་གླུ་ངོ་མ་ཤེས་ན། །

   འབུམ་མེའི་རྩེ་གླུ་དཀར་མོ་ཡིན། །

   གསོན་དང་མི་ཆེན་ཞལ་དཀར་ལགས། །

   སྐུ་མ་ཁྲོ་བེར་འཇམ་བཅུད་ལ་བཞུགས། །

   གསུང་མ་ཁྲོ་རྒྱ་དར་ངག་ལ་བཞུགས། །

   ཐུགས་མ་ཁྲོ་བྱམས་པའི་དགོངས་པ་ཐོངས། །

   མི་ཆེན་པོས་ཚབ་ཚུབ་མཛད་པ་མིན། །

   གནའ་མི་རྒན་པོའི་གཏམ་དཔེ་ལ། །

   མི་ཆེན་བློ་དང་བྱེ་མའི་རི། །

   མི་ཆེན་བློ་གྲོས་མ་ཉེས་དགོས། །

   ཆེ་ན་མངའ་ཐང་རླུང་ལ་བསྐུར། །

   ཆུང་ན་མཚོན་ཆའི་སོ་ཁ་འབྱེད། །

   བྱེ་རི་སྨུག་པོ་མ་ཞིག་དགོས། །

   ཆེ་ན་མི་དམངས་གཏེར་ཁུང་འཇུག །

   ཆུང་ན་ལུང་གསུམ་ཐལ་འཚུབ་སློང་། །

   དཔེ་དེ་དང་ཁྱད་པར་ག་ལ་ཡོད། །

   ཞལ་ལུ་མི་འབྱོན་བཞུགས་ན་དགའ། །

   གལ་ཏེ་འབྱོན་བསམ་ཡོད་པ་ན། །

   ཆེ་སྲིད་རྗེ་བློན་རྩེ་མེད་བཟོ། །

   ཆུང་ན་ངར་རྒོད་ཧ་ལ་འཕེན། །

   འབྱོན་བསམ་ཐུགས་ལ་མ་འཆར་ལགས། །

   ཡིན་གཅིག་མིན་གཉིས་འབྱོན་བསམ་ན། །

   བུ་རྩེ་རྒྱལ་མི་སྡོད་མཉམ་ཁྲིད་མཛོད། །

   ཕ་ཁུའི་ཉམས་ལ་མ་ཕན་ན། །

   བུ་མིང་གྲགས་ཆེ་ཡང་ཕན་པ་མེད། །

   ཕ་ཇུས་བུ་ཡིས་མ་མཐོང་ན། །

   སྣང་ངུ་བྱས་པ་དོན་རེ་ཆུང་། །

   དར་གོས་གྱོན་པ་ངོ་རེ་ཚ། །

   ཞིམ་མངར་བྱིན་པ་ཆུད་རེ་ཟོས། །

   བྱམས་པས་སྐྱོང་བ་ཡི་རེ་མུག །

   དེ་ཨེ་རེད་ཞལ་ལུ་སྐུ་ཚེ་ལགས། །

   ངས་ལུས་ལ་འགྲིག་པའི་ཁྲབ་དཀར་གཅིག །

   མགོ་ལ་འཚམ་པའི་རྨོག་དཀར་གཉིས། །

   རྨོག་ལ་མཛེས་པའི་དར་འཕྲུ་གསུམ། །

   སྐེད་ལ་རན་པའི་མཚོན་དཀར་བཞི། །

   མགྱོགས་ལ་རྒྱུག་པའི་འདོ་བ་ལྔ། །

   དཀར་པོ་ལྔ་ཚན་འགྲིགས་པས་ན། །

   ཧོར་འབུམ་ད་མག་དལ་བྲེལ་ལྟ་དགོས་བསམ། །

   ད་རུང་མི་དོ་བསམ་པ་ན། །

   སྔ་དྲོ་སྔ་རུའི་གོང་ལ་ཞོག །

   འདེད་དགོས་བྱུང་ན་མི་གཏོང་ངེས། །

   ཁྲ་ཧོར་པས་བྱེའུ་ཁྱུ་འདེད་འདེད་བསམ། །

   ཕྱི་དྲོ་ཕྱི་རུའི་གོང་ལ་ཞོག །

   འབྲོས་དགོས་ལན་པོ་འཕྲོད་ངེས་ཡིན། །

   རྫོང་ཆེན་རྒྱ་སྒོ་བསྡམ་བསྡམ་བསམ། །

   དེ་སྟེ་ལོ་གསུམ་མ་བྱུང་བར། །

   བྱང་ནས་སེང་ཆེན་བསྒུགས་ན་བསམ། །

   སྣང་ངུས་བཅུ་གསུམ་ལོན་ན་བསམ། །

   གེ་སར་དམག་གི་རྒྱལ་པོ་ལ། །

   སྨོན་ལམ་གཅིག་པའི་དམག་ཊི་བསྐོར། །

   ཧོར་སེར་པོའི་ལྟག་པ་མནན་ན་བསམ། །

   རེད་ཨེ་དགོངས་མི་ཆེན་ཞལ་དཀར་ལགས། །

   འཇིག་རྟེན་སྲིད་པའི་ས་ཆ་ན། །

   ཉི་མ་ཁེར་ཤར་གཟའ་དང་ཐུག །

   ཟླ་བ་གཅིག་འབྱོན་མར་ངོས་སྒྲིབ། །

   སྐར་ཚོགས་དཔུང་འགྲོས་འགྱུར་བ་མེད། །

   སེང་ཆེན་རྒྱ་མཚོ་རྡོ་སྐྱར་ལ། །

   ཞལ་ལུ་སྟོན་པའི་མེ་ཏོག་འདྲ། །

   གླིང་དཀར་ཕ་ཇུས་གྲུ་བཞི་འདི། །

   དེ་སྔ་ངར་མའི་དཔུང་བས་བཟུང་། །

   རྒོད་མཐའ་རླུང་ལ་མ་སྐུར་ལགས། །

   གོ་ན་རྣ་བའི་བདུད་རྩི་ལ། །

   མ་གོ་གླུ་ཡི་འབྲེལ་བ་ཞུ། །

   ཕ་ཞལ་ལུའི་དགོངས་པའི་ཟུར་ལ་ཞོག །

   ཅེས་དེ་ལྟར་བླངས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1