༄༅།།འདབ་པའི་ཨ་སྐྱིད་རྫ་མ།

བཀྲ་ཤིས་ཀྱིས་བྲིས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ་ལས་དྲངས། སྤེལ་དུས། 01-10


 འདབ་པ་རྫོང་གི་ཨ་སྐྱིད་རྫ་མ་ནི་བོད་མིའི་སྲོལ་རྒྱུན་གྱི་ཁྱད་དུ་འཕགས་པའི་ལག་རྩལ་ཞིག་ཡིན་ལ་བསྲེག་བཟོ་བྱས་རྗེས་ཁ་དོག་ནག་པོར་གྱུར་བས་མིང་གཞན་དུ་བོད་མིའི་རྫ་ནག་ཀྱང་ཟེར། དེའི་ལོ་རྒྱུས་ནི་ལོ་ངོ་བདུན་སྟོང་སྔོན་གྱི་གནའ་བོའི་རྫ་ནག་བཟོ་སྲོལ་དང་གཏུག་ཆོག་ལ་བཟོ་རྒྱུན་ལག་རྩལ་དུས་དེ་ནས་ཡང་རྩེར་སོན་པ་ཞིག་ལགས། རྫ་མ་དེ་བཟོ་སྐབས་ཨ་སྐྱིད་ས་ཆ་ཡི་དམིགས་བསལ་གྱི་འདམ་བག་གིས་རྒྱུ་ཆ་བྱས་ཏེ་དེ་མིན་གྱི་འདམ་བག་རིགས་གཉིས་དང་ལྷན་དུ་བསྲེས་རྗེས་དབྱུག་གུས་ག་ལེར་བརྡུངས་ནས་ཁོག་སྟོང་དུ་བཟོས། དེ་ནས་རིམ་བཞིན་དུ་གཡས་གཡོན་དང་མཐོ་དམའ་ལ་ལེགས་བཅོས་བྱས་ནས་རྫ་གཟུགས་སུ་ཆགས་རྗེས་དཀའ་ཡོལ་ཆགས་ཧྲུལ་གྱིས་འདྲ་རིས་སྣ་ཚོགས་བཀོད། དེ་ནས་མེ་ནང་ལ་བསྲེགས་བས་སེར་སྐྱའི་འདམ་པག་དེ་ནག་པོར་གྱུར། ས་རྫ་ལས་བཟོས་པའི་རྫ་ཁོག་དང་རྫ་བུམ། རྫ་གཞོང་།རྫ་དམ་སོགས་ནི་བོད་མིའི་འཚོ་བའི་ནང་ལ་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ལ་གནའ་དུས་སུ་ས་ཆ་གཞན་དག་ཏུ་འབྲུ་རིགས་དང་འཚོ་བའི་ཡོ་བྱད་རྣམས་དང་བརྗེ་ཚོང་བྱས་ལ་ད་ལྟར་ཚོང་ར་ལ་འགྲིམ་སྟེ་ཡུལ་སྐོར་ལྗོངས་རྒྱུའི་ཚོང་རྫས་དང་ཡུལ་མི་རྣམས་ཀྱི་འཚོ་བའི་རྒྱན་ཆ་རུ་ཆགས་ཡོད་དོ།།


    བོད་མི་རྣམས་ཀྱི་འཚོ་བའི་དགོས་མཁོ་ལྟར་ཡབ་མེས་ཚོས་ལོ་རྒྱུས་ཆུ་རྒྱུན་རིང་མོར་བློ་གྲོས་རིག་པ་ཡིས་ས་གནས་ཀྱི་རྒྱུ་ཆ་རྣམས་བེད་སྤྱོད་བྱས་ཏེ་རྫ་མའི་ཡོ་བྱད་སྣ་ཚོགས་བཟོས། དེ་དག་གི་ཕྱི་ཡི་མདོག་ཁ་ནག་པོའི་ངོས་སུ་རྡོ་དཀར་ཆུང་ངུས་བཀྲ་ཤིས་པ་མཚོན་པའི་རི་མོ་འདྲ་མིན་སྣ་ཚོགས་བཀོད་པས་མིག་ལ་མཛེས་ཤིང་ཡིད་དབང་འཕྲོག་ལ་རྫུ་བུམ་ནང་དུ་ཇ་བསྐོལ་ན་ཇ་ཡི་བྲོ་བ་ཁྱད་དུ་འཕགས་པ་དང་རྫ་ཁོག་ནང་ཆང་བཙོས་ན་ཆང་གིས་མི་ཡི་ལུས་པོ་ལ་མི་གནོད་ལ་དྲི་ཞིམ་ཐུལ་ལེར་ཁྱབ་པས་འཚོ་བའི་རིན་ཐང་དང་མཛེས་རྟོགས་རིན་ཐང་གཉིས་ཀ་ལྡན་པའི་བོད་ཀྱི་ལག་རྩལ་གཞན་ལ་ངོམ་ཆོག་ཆོག་ཅིག་རེད། 

     ཨ་སྐྱིད་རྫ་མ་ལ་སྲུང་སྐྱོབ་དང་དེ་རྒྱུན་འཛིན་བྱེད་ཚུལ་གྱི་ཐད་ནས་བཤད་ན། རྫོང་དང་ཁུལ།ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཏུ་འཇོག་རྒྱུའི་སྙན་ཞུ་ཕུལ་བ་ནས་བཟུང་སྲིད་གཞུང་གིས་ཡང་དག་པའི་འགོ་ཁྲིད་དང་རྒྱབ་སྐྱོར་ཆེན་པོ་ལ་བརྟེན་ནས་ཉམས་རྒུད་ཤུལ་མེད་དུ་འགྱུར་ལ་ཉེ་བའི་ཨ་སྐྱིད་རྫ་མ་ལ་སླར་ཡང་དཔྱིད་ཀྱི་དཔལ་ཡོན་ཤར་ཏེ་གསོན་ཤུགས་རྒྱས། སྤྱི་ལོ2008ལོར་ལག་རྩལ་དེ་རྒྱབ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ལ་ཚུད་རྗེས་རྫོང་དང་ཡུལ་ཤོག།གྲོང་གསེབ་རྣམས་ཀྱིས་ནུས་པ་ཕྱོགས་གཅིག་ལ་བཏོན་ཏེ་ཨ་སྐྱིད་རྫ་མའི་ཚོགས་པ་བཙུགས་ཏེ་དོ་དམ་དང་། ལས་དོན། འགྲོ་སོང་བཅས་ཕྱོགས་གང་ཅིའི་ཐད་ནས་སྒྲིག་འཛུགས་ཡོད་ལ་སྒྲིག་ལམ་དམ་པའི་བྱ་གཞག་གཉེར་བས་ས་བརྐོ་རྒྱུ་དང་། འདམ་བག་སྦྱོར་རྒྱུ། རྡེག་རྡུང་བྱ་རྒྱུ། ཕྲ་རྒྱན་འགོད་རྒྱུ། མེ་ནང་བསྲེག་རྒྱུ་བཅས་རྫ་མ་བཟོ་བའི་གོ་རིམ་ལྔ་ཚུལ་དང་མཐུན་པར་ལག་ཏུ་བསྟར་ཐུབ་པས་སྲོལ་རྒྱུན་ལས་བཟོ་བཀོད་གསར་ལ་རྣམ་པ་མཛེས་པའི་རྫ་མ་གསར་པ་ཐོན་པར་ཕྱི་ནང་ཀུན་གྱིས་དགའ་བསུ་ཚད་མེད་བྱས་དང་བྱེད་བཞིན་ཡོད།།

བོད་མིའི་ཐུན་མོང་མ་ཡིན་པའི་ལག་རྩལ་དེ་གནའ་ཤུལ་ད་འཛིན་གྱིས་མ་ཉམས་གོང་འཕེལ་དུ་གཏོང་བའི་ཆེད་དུ་འབྲེལ་ཡོད་ལས་ཁུངས་དང་མི་སྣ་རྣམས་ཀྱིས་ཡི་གེ་དང་སྒྲ་ཕབ། བརྙན་ཕབ་བཅས་དེང་རབས་འཕྲིན་སྦྱོར་གྱི་ཐབས་ལ་བརྟེན་ནས་འཚོལ་སྡུད་བྱས་ཏེ་ཨ་སྐྱིད་རྫ་མ་དེ་ཕྱོགས་ཡོངས་ནས་ཆ་ཚང་བའི་སྒོ་ནས་ཉར་ཚགས་དང་སྲུང་སྐྱོབ་བྱས་ཡོད།

     ཨ་སྐྱིད་རྫ་མའི་དཔལ་འབྱོར་གྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཐོག་ནས་བཤད་ན། དམངས་ཁྲོད་ཀྱི་བཟོ་རྩལ་སྔོན་མ་ལས་ཀྱང་སྲུང་སྐྱོབ་དང་གསར་སྤེལ་བྱེད་པའི་ཆེད་དུ་ཞིང་ཆེན་དང་ཁུལ་གྱིས་རྩ་འཛུགས་བྱེད་པའི་འགྲེམ་སྟོན་དང་འཁྲབ་སྟོན་སྣ་ཚོགས་སུ་ཞུགས་ནས་ཕྱི་ནང་གི་མིག་ལྡན་རྣམས་ལ་ངོ་སྤྲོད་དང་ཁྱབ་སྤེལ་བྱས་པས་ཨ་སྐྱིད་གྲོང་པའི་ཡུལ་མི་ཀུན་གྱིས་རྫ་མའི་རིན་ཐང་དང་མ་འོངས་འབྱུང་འགྱུར་གྱི་མདུན་ལམ་མཐོང་ནས་ཨ་སྐྱིད་རྫ་མའི་རྒྱུན་འཛིན་པའི་རྗེས་སུ་འབྲངས་སྟེ་ལག་རྩལ་སྦྱངས། ཁོང་ཚོའི་རིག་རྩལ་དང་ཕྱག་ཟུང་ལས་ཐོན་པའི་ཨ་སྐྱིད་རྫ་མའི་ཕྱི་ཡི་བཟོ་དབྱིབས་དང་མདོག་ཁ། རི་མོ་དང་བཅས་པ་ལ་དམིགས་གསལ་གྱི་ཁྱད་ཆོད་འབུར་དུ་ཐོན་ལ་སྤྱོད་སྒོའང་ཤིན་ཏུ་རྒྱ་ཆེ་བས་རིག་གནས་ཐོན་ལས་འཕེལ་རྒྱས་དང་ཡུལ་སྐོར་ཚོང་རྫས་ནང་གི་འོད་མདངས་འཕྲོ་བ་ཞིག་ཏུ་གྱུར་ཏེ་མི་རིགས་སོ་སོས་དགའ་པོ་བྱེད། དཔེར་ན།ཁོང་ཚོས་བཟོས་པའི་རྫ་མའི་རིགས་ཉི་ཤུ་ལྷག་ཙམ་ལས་ཇ་གཟེད་ནང་དུ་ཇ་བླུགས་ནས་ཉིན་གསུམ་བཞི་ཙམ་ལ་བཞག་ནའང་ཇ་ཡི་བྲོ་བ་ལ་འགྱུར་རྒྱུ་མེད་པར་དྲི་ཞིམ་གྱིས་ཁྱབ་པ་དང་མེ་ཐབ་ནང་དུ་མེ་སྟག་བླུགས་ན་ཡུན་རིང་དུ་འབར་ཐུབ་པས་རོང་པ་ཡིན་ནའང་འདྲ།དགོན་པ་ཡིན་ཡང་ཆོག   ལས་བྱེད་པ་ཡིན་ནའང་རུང་། ཚང་མས་ཨ་སྐྱིད་རྫ་མ་བེད་སྤྱོད་རྒྱུ་ལ་ཧ་ཅང་དགའ་པོ་བྱས་པས་དཀར་མཛེས་ཁུལ་གྱི་རྫོང་ཁག་སོ་སོ་དང་རྨུ་ལི། བོད་ལྗོངས། ཡུན་ནན།མཚོ་སྔོན་བཅས་ལ་བྲིན་རྒྱུག་ཆེ། དེ་ཡང་རང་རེ་ལ་མཚོན་ན་རྫ་བཟོ་དང་མགར་བཟོ། རྡོ་བཟོ་དང་ཤིང་བཟོ་སོགས་སྲོལ་རྒྱུན་གྱི་ལག་རྩལ་ཕུན་སུམ་ཚོགས་པ་ཡོད་ཀྱང་རྙིང་ཞེན་མཁྲེགས་འཛིན་གྱི་འདུ་ཤེས་རྙིང་པས་ཐོན་སྐྱེད་ལག་རྩལ་ལ་དོ་སྣང་ཆེར་མ་བྱས་པས་ནང་གི་ལྟོགས་རྒྱགས་དང་རྒྱབ་ཀྱི་གོས་སོགས་ལ་དངོས་སུ་ཕན་པའི་བཟོ་རྩལ་དེ་དག་ཀྱང་དུས་དང་བསྟུན་ཏེ་གོང་འཕེལ་ཆེན་པོར་འགྲོ་མ་ཐུབ་མོད། དུས་རབས་གསར་པ་དང་རིག་གནས་གསར་པ།བསམ་བློ་གསར་པ་བཅས་ཀྱིས་ཡང་ནས་ཡང་དུ་གནའ་ཆགས་ཀྱི་འཚོ་བ་བྱེད་སྟངས་དང་བསམ་གཞིག་བྱེད་ཐབས་ལ་བརྡབ་གསིག་དང་ཕོག་ཐུག་བཏང་བས་བོད་མི་རྣམས་ཀྱིས་ཀྱང་བསམ་བློ་ནང་དུ་བསྡུས་ཏེ་ཡོད་ཚད་ལ་སླར་ཡང་ཚད་འཇལ་བྱས་པས་དམངས་ཁྲོད་ཀྱི་བཟོ་རྩལ་གང་མང་ཞིག་རིག་པས་དཔྱད་དེ་ལག་ཏུ་བསྟར་བས་མིག་མཐོང་ལག་ཟིན་གྱི་འབྲས་བུ་གཡུར་དུ་ཟ་བར་བྱས་པ་ནི་དངོས་གནས་ཕ་ཤུལ་བུ་ཡིས་བཟུང་ཐུབ་པའི་བྱ་གཞག་རླབས་པོ་ཆེ་ཞིག་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1