༄༅།།སྙན་རྩོམ་ཅོ་ཀའི་ཀླུ་དབྱངས།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ་ནས་དྲངས། སྤེལ་དུས། 01-11


མི་རིགས་མཐུན་སྒྲིལ་དཔུང་གདང་མཉམ་སྦྲེལ་མཛའ་བརྩེའི་མེ་ཏོག་དུས་གཅིག་བཞད། །

དཔའ་ངར་ལྡན་ཞིང་མདུན་སྐྱོད་མྱུར་བའི་མེས་རྒྱལ་གོང་བུ་གཅིག་ཏུ་འགྲིལ། །

ཚན་རྩལ་མྱུར་བའི་འཕུར་མདའི་རླབས་ཞུགས་རྒྱུ་སྐར་རྒྱལ་པོའི་གྲོང་ཁྱེར་མྱུལ། །

ངོ་མཚར་སྟོང་གིས་གཟི་འོད་འབར་བའི་ཀྲུང་གོ་གསར་པའི་མཚར་སྡུག་རྫོགས། །

ཀླུ་རྒྱལ་གྲོང་ཁྱེར་དལ་གྱིས་ཁེབས་པའི་རྒྱལ་ཐོན་གསར་པའི་སྦྲག་གྲུར་སྐྱོད། །

ནམ་མཁའི་མཐོངས་སུ་མཁའ་སྐྱོད་དམག་གྲུའི་མཁའ་ལྡིང་ཁྱུང་གི་གཤོག་རྩལ་ངོམ། །

དགུ་གཅིག་དགུ་ཡི་འཕུར་གྲུའི་རྟགས་ཅན་ལྷ་ཡི་གཞལ་མེད་ཁང་བཟང་བསྐྲུན། །

གོལ་སྒྲིབ་མེད་པར་དྲ་བའི་ཡངས་ལམ་འཛམ་གླིང་ལག་མཐིལ་མཐོང་བར་བྱས། །

བསྐལ་པའི་བགྲོད་ལམ་སྐད་ཅིག་ཐོན་པའི་བདེ་འཇམ་ཡངས་པའི་མགྱོགས་ལམ་སྐྲུན། །

མུན་པའི་འཇིག་རྟེན་གློག་ཞུན་འོད་ཀྱིས་དྲི་མེད་དཀར་འཇམ་ཡུག་ཅིག་བརྡལ། །

རི་རབ་བསྟར་བའི་ཕུག་ལམ་དར་སྐུད་འཁོར་རིགས་ཕྲེང་བའི་སྐྱེལ་འདྲེན་གྱིས། །

མཐོ་གསུམ་ཉི་ཟླ་འོད་དུ་འཚེར་བའི་བོད་འབྲེལ་ས་ཁུལ་འབྱོར་ཕྱུག་བསྐྲུན། །

འཕེལ་རྒྱས་གོམས་སྟབས་གློག་གིས་ཟློས་གར་མཐོ་སྒང་གོ་ལའི་ཁྱོན་ལ་བསྒྱུར། །

དུས་རབས་གསར་པའི་བསམ་བློའི་ཁ་ཕྱོགས་མིང་རྒྱང་རིང་པོའི་ལམ་དུ་གཏད། །

དཔལ་འབྱོར་བརྟན་བརླིང་རིག་གནས་ཡར་འཕེལ་སྲོལ་རྒྱུན་གསར་གཏོད་མཉམ་འདྲེས་སུ། །

ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་ཡིད་ལ་བཅངས། །

ལྗང་མདོག་གཡུ་ཡི་ལོ་མའི་ཕོན་པོའི་སྐྱེ་ཁམས་གསར་པའི་མཛེས་སྡུག་གིས། །

གསེར་དངུལ་རིན་ཆེན་རི་ཆུའི་ཁོར་ཡུག་རིག་གནས་དགའ་བའི་སྐྱེད་ཚལ་དུ། །

ས་ལའི་ལྗོངས་འདིར་མཚར་སྡུག་རྫོགས་ཤིང་གཟི་འོད་འཕྲོ་བའི་རིག་དངོས་ཀྱིས། །

དགའ་བའི་དངོས་པོ་སེམས་ཀྱི་མེ་ཏོག་དུས་གཅིག་བཞད་པའི་གྲོགས་སུ་འགུག །

ཕུན་ཚོགས་ལྔ་ལྡན་ལྔ་གཉིས་བགྲང་བྱའི་གངས་ལྗོངས་གསལ་བའི་ཉི་གཞོན་གྱིས། །

བཞིན་བཟང་སྐྱེས་སྐར་པདྨའི་དོ་ར་རིག་གནས་བྱེ་བའི་ཟེའུ་ཕྲེང་ལས། །

འདོད་ཡོན་ལྔ་ཡི་སྦྲང་རྩིའི་བཅུད་སོན་དྲི་བཟང་སྤོས་ངད་སྤྲོས་དང་ལྷན། །

གངས་ལྗོངས་བློ་གསལ་བུང་བ་གཞོན་ནུའི་དགའ་བའི་དགའ་སྟོན་རྒྱན་དུ་རོལ། །

དེ་སྐད་ཆེད་དོན་དབྱངས་ཀྱི་རྒྱལ་མོའི་ངག་གིས་འདོད་པ་འཇོ་བ་ལས། །

སྒྲ་འོད་ཟེར་གསུམ་དུས་གཅིག་སློང་བའི་གཡུ་འབྲུག་སྔོན་མོའི་རང་ལོ་ཡིས། །

ཤིས་པའི་ཚིགས་སུ་ལེགས་པར་སྡེབ་པའི་འཛམ་གླིང་སྤུན་ཟླ་མིང་སྲིང་ལ། །

གནམ་ལོ་གསར་བཞད་གཏན་དུ་བདེ་བའི་བདེ་སྐྱིད་ཉི་མ་འཆར་བར་སྨོན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1