༄༅།།དཔེ་ཝར་དགོན་པའི་ལྡེབས་རིས་ཀྱི་ལོ་རྒྱུས་རིན་ཐང་རགས་ཙམ་བཤད་པ།

དབང་ཆེན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ་ལས་དྲངས། སྤེལ་དུས། 02-27


༄༅། །བདེ་ལེགས་སུ་གྱུར་ཅིག།

བདག་ལྟའི་འཇིག་ཚོགས་མ་རིག་འཁྲུལ་འཁོར་ཡེ་ཤེས་རྡོ་རྗེ་འབར་བས་བཅིལ། །

གཞོམ་གཞིག་བྲལ་བར་ནམ་མཁའ་རབ་འབྱམས་ཀུན་ཁྱབ་ཆོས་སྐུའི་ཀློང་དུ་བརྡལ། །

སྤྲོས་བྲལ་བདེ་ཆེན་ཞི་བའི་དབྱིངས་སུ་སྣ་ཚོགས་སྤྲུལ་པའི་སྒྱུ་འཕྲུལ་གར། །

སངས་རྒྱས་སྟོང་དབུས་པད་དཀར་ལྟར་བསྔགས་ཐུབ་ཆེན་དཔའ་བོས་རྟག་ཏུ་སྐྱོངས། །

རབ་འབྱམས་རྒྱལ་བ་ཀུན་གྱི་མཁྱེན་པའི་གཏེར། །

དམར་སེར་དྷི༔ཡིག་འོད་ཀྱིས་མདངས་གྲོལ་བའི།།

སྨྲ་བའི་དབང་ཕྱུག་འཇམ་དཔལ་དཔའ་བོ་དང་། །

དབྱེར་མེད་ཡོངས་འཛིན་དམ་པའི་ཞབས་པད་འདུད། །

ཚངས་པའི་ཡིད་ཀྱི་པདྨའི་མཚོ་གླིང་ན། །

རིག་བྱེད་ལྗགས་འགྱུར་ངག་གི་དཔལ་སྟེར་མ། །

ཟླ་བའི་སྲིང་མོ་མཚོ་བྱུང་ལྷ་མོ་དེས། །

མི་ཟད་ངག་གི་འདོད་འཇོའི་དངོས་གྲུབ་སྩོལ། །

རིག་གནས་རིག་པའི་རྒྱལ་པོའི་རྩལ་ཁམས་སུ། །

ཕྲ་རགས་རྟོགས་པའི་རྣམ་དཔྱོད་འཕྲུལ་མངའ་བས། །

གནའ་དེང་ལོ་རྒྱུས་རིན་ཐང་ཁྱད་འཕགས་སོགས། །

ངེས་གསང་ཟབ་བརྒྱའི་སྦས་དོན་འབྱིན་པར་བྱ། །

     གཅིག  །དཔེ་ཝར་དགོན་གྱི་ལོ་རྒྱུས་མདོར་ཙམ་བཤད་པ།

      མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་སའི་ཆར་གཏོགས་འབྲི་ཀླུང་དལ་གྱི་འབབ་པའི་གཡས་ཟུར་གནམ་འཁོར་ལོ་རྩིབས་དགུའི་མར་གཤམ།  ས་པདྨ་འདབ་བརྒྱད་ཀྱི་གདན་ཐོག  །ལོགས་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་སོགས་བཀྲ་ཤིས་པའི་རེ་ཁས་མཚོན་ཞིང་། ཤར་ཞི་བ་དར་དཀར་གྱི་ཡོལ་བ་སྒོ་ལྟར་ཕྱེས་པ། ལྷོ་ཡིད་བཞིན་རྒྱས་པའི་ནོར་བུ་རིན་པོ་ཆེའི་ཚོམ་བུ་ལྟར་སྤུངས་པ།  ནུབ་དབང་གི་རྒྱལ་པོ་རི་རབ་ཀྱི་ཟོམ་འཕྲད་དུ་ཉལ་བ་ལྟར་ཡོལ་བས་མདན་པ།  བྱང་དྲག་པོའི་གཏོར་ཟོར་ཟུར་གསུམ་འབར་བ་མཁའ་ལ་བསྙེགས་པ་ལྟར་སྐྱབས་པ་སོགས་སའི་ཀ་ཆེན་བཞི་དང་ལྡན་པའི་ས་དཔྱད་ཁྱད་པར་དུ་འཕགས་པ་སྡེ་དགེ་རྫོང་མཁར་ནས་སྤྱི་ལེ་78ཙམ་གྱིས་ཆོད་པའི་མཚམས་པད་ཝར་ཞེས་པའི་གནས་དེར་སྔོན་གྱི་ལོ་རྒྱུས་ཡིག་ཚང་ལྟར་ན་རབ་བྱུང་གཉིས་པའི་ཆུ་ཕག་ལོར་འབྲི་གུང་སྐྱོབས་པ་འཇིག་རྟེན་གསུམ་མགོན་གྱི་ཞལ་སློབ་གདུགས་ཐོག་བཅུ་གསུམ་གྲགས་པའི་ཡ་གྱལ་དཔལ་ལྡན་བྱང་ཆུབ་གླིང་པས་གནས་དེར་ཕྱག་བཏབ་ནས་འབྲི་གུང་བཀའ་བརྒྱུད་པའི་གྲུབ་མཐའི་དགོན་སྡེ་ཞིག་བཞེངས་པར་གྲགས་ལ།  ཕྱིས་སུ་འབྲི་གུང་གླིང་ལོག་བྱུང་སྟེ་བསྟན་པ་ཆགས་འཇིག་ཅི་རིགས་བྱུང་བ་དང་སྔོན་གྱི་འབྲི་གུང་པའི་བསྟན་པ་དར་རྒྱས་སུ་ཕྱིན་ནའང་། སྐབས་དེར་བཞེངས་པའི་དགོན་པའི་འདུ་ཁང་དང་གཙུག་ལག་ཁང་རྣམས་ཉམས་རྒུད་སོང་ནས་རྗེས་ཤུལ་ཙམ་ཡང་ལུས་མེད་པས་མི་མངོན་པའི་དབྱིངས་སུ་ཐིམ།  དེ་ནས་ཕྱིས་སུ་སྟོབས་ཀྱིས་འཁོར་ལོའི་བསྒྱུར་རྒྱལ་ས་སྐྱོང་སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་གི་སྐུ་སྲས་བླ་མ་ཀུན་དགའ་ཕྲིན་ལས་རྒྱལ་མཚོ་ཞེས་ས་གསུམ་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་གང་དེས་སྡེ་དགེའི་མངའ་ཁོངས་སུ་སྐྱེ་རྒུའི་བསོད་ནམས་ཀྱི་བགོ་སྐལ་དུ་ས་དགོན་ཉེར་ལྔ་དགོན་ས་འདེབས་ནས་བཞེངས་ཡོད་པ་གྲགས་པར་དེ་ཐམས་ཅད་ཀ་མིག་སོ་ལྔ་ཅན་ཤ་སྟག་ཡིན་ཞིང་།  དེ་དག་གི་ཡ་གྱལ་ཆེས་མཐའ་མཇུག་ཏུ་གདན་ས་ཆེན་པོ་དཔེ་ཝར་ཞེས་གནས་འདིར་ཕྱི་ནང་གསང་གསུམ་གཙུག་ལག་ཁང་བརྟེན་དང་རྟེན་པ་བཅས་གསར་དུ་བཞེངས་པ་ནི་དུས་འགྱུར་གྱི་འོག་ཆག་འཇིག་ཏུ་མ་སོང་བར་དེང་དུས་བཞུགས་ཡོད་པ་ནི་སྐབས་དེར་བཞེངས་གྲུབ་པའི་གཙུག་ལག་ཁང་གཞན་རྣམས་ལས་ཀ་མིག་གཅིག་རྒྱ་ཆེ་བ་མ་ཚད་ཕྱོགས་གང་ཐད་ནས་ཅུང་རྒྱས་པའི་ཚུལ་དུ་བཞེངས་པའི་གཏམ་རྒྱུད་འདུག་པས།  དེའི་རྒྱུ་རྐྱེན་ཡང་ས་དགོན་ཉེར་ལྔའི་འགྲོ་གྲོན་གསེར་དངུལ་སོགས་དཔལ་འབྱོར་ལྷག་འབོར་གྱི་མཐུན་རྐྱེན་ལ་བརྟེན་ནས་དེང་དུས་མདོ་དབུས་ཁམས་གསུམ་གྱི་དགོན་པའི་འདུ་ཁང་རྣམས་ཀྱི་ལྡེབས་རིས་ལས་ཚོན་སྤུས་ཀྱི་རིན་ཐང་དང་རི་མོའི་སྒྱུ་རྩལ་ལྷ་བཀོད་སོགས་ངོ་མཚར་བའི་ཁྱད་པར་ཆེས་ཆེ་བས།  ལྷག་པར་དུ་དཔེ་ཝར་དགོན་པའི་འདུ་ཁང་རྒྱ་མཐོངས་ལས་ཉི་ཟེར་ཕོག་མ་ཐག་འདུ་ཁང་ཡོངས་རྫོགས་ལྡེབས་རིས་ཀྱི་གསེར་འོད་ལམ་མེ་མཆེད་ནས་གསེར་གྱི་ཁང་བཟང་འབའ་ཞིག་གི་སྣང་བ་འདི་ནི་བོད་ཡུལ་དགོན་སྡེའི་ལྡེབས་རིས་གང་དུ་ཡང་མཐོང་རྒྱུ་མེད་པས་གསེར་བཙོ་མའི་མདངས་དང་རིན་ཐང་ཁོ་ན་ལས་མ་འདས་སོ།།  སྐབས་དེར་ངོར་མཁན་ཆེན་དཔལ་མཆོག་རྒྱལ་མཚན་ནས་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་སོགས་མཁན་རབས་རིན་བྱོན་རྣམས་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་སི་ཏུ་ཆོས་ཀྱི་འབྱུང་གནས།  ཀ༔ཐོག་སི་ཏུ།  འཇམ་དབྱངས་ཆོས་ཀྱི་བློ་གྲོས་སོགས་སྐྱེས་ཆེན་དུ་མས་ས་བརྟགས་པ་དང་ས་སྦྱངས་བ་དང་།  ས་སློང་བ་རབ་ཏུ་གནས་པ་སོགས་བྱིན་རླབས་ཀྱི་བསྟི་གནས་ཆེན་པོ་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དེ་དག་གི་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པ་སོགས་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བར་དེང་གི་བར་བཞུགས་ཡོད་པས་ཁྱད་པར་དུ་འཕགས་པའོ། །གཙུག་ལག་ཁང་ཆེན་མོ་འདི་ཉིད་ད་ལྟའི་བར་དུས་འགྱུར་གྱི་འོག་ཉམས་རྒུད་དུ་མ་སོང་བར་སྲུང་སྐྱོབ་བྱས་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ནི།  བར་སྐབས་ཀྱི་དུས་འགྱུར་སྐབས།  དཔལ་སྤུངས་ཤང་གི་ཁོངས་སུ་དཔེ་མ་རུ་མཉམ་ལས་ཁང་ཞིག་བཙུགས།  མཉམ་ལས་ཁང་དེའི་འགོ་ཁྲིད་ནི་གཟུགས་སྟོབས་ཆེ་ཞིང་།    སྐད་གསང་སྦོམ་ལ་མཐོ་བའི་ཧུར་བརྩོན་མི་སྣ་ཆོས་དར་མའམ་ཝ་དར་མ་ཟེར་བ་ཞིག་ཡོད་ཅིང་། ཉེར་འཁོར་གྱི་ཡུལ་མི་དེ་དག་རང་བཞིན་གྱིས་ཁོ་ལ་ཞེད་སྣང་དང་དངངས་སྐྲག་སྐྱེ་བས།    ཁོང་གི་ཅི་ཟེར་ལ་ཉན་ཞིང་དང་ལེན་བྱས་པ་དང་།     སྐབས་དེར་ཁོས་དཔེ་ཝར་དགོན་པའི་ལྷ་ཁང་ཡོད་ས་དེར་མཉམ་ལས་ཁང་གི་བདག་གཉེར་ཁང་བྱས་ཏེ།    ད་ལྟའི་ལྡེབས་རིས་ཡོད་སའི་ལྷ་སར་ཁང་ནང་དུ་ཡུང་མ་དང་ནས་སོག་གིས་བསྐངས་ཏེ་ནང་དུ་མི་གང་མོས་སུ་འགྲོ་འདུག་བྱེད་མ་བཅུག་པར།    སྐབས་རེར་སྲིད་ཇུས་ལ་འགྱུར་བ་ཅུང་ཙམ་བྱུང་དུས།          དགོན་པའི་བསྟན་བདག་དཔེ་ཝར་མཆོག་སྤྲུལ་འཆི་མེད་རྡོ་རྗེས་ཐབས་བརྒྱ་ཇུས་སྟོང་གིས་བདག་གཉེར་བ་དང་ལྷན་དུ་སྲུང་སྐྱོབ་བྱས་པ་མ་ཟད།   ཕྱིས་སུ་ཅུང་སྔོན་ཐོན་གྱི་ཐབས་ཚུལ་དཔྱད་དེ་ད་ལྟའི་བར་དུ་སྲུང་སྐྱོབ་བྱེད་ཐུབ་པ་བྱུང་། དུས་ཕྱིས་གཙུག་ལག་ཁང་འདི་ཡིས་སྟེང་གི་རྒྱ་མཐོངས་རྙིང་སྐྱོན་གྱིས་ཞིག་རལ་དུ་འགྲོ་བར་དོགས་ནས་བསྟན་བདག་མཆོག་སྤྲུལ་འཆི་མེད་རྡོ་རྗེ་མཆོག་གི་ཉམས་གསོ་བྱ་ཆེད་དེའི་ནང་གི་ལྡེབས་རིས་རྣམས་རིག་དངོས་སྲུང་སྐྱོབ་ཀྱི་ཆེད་རྒྱལ་ཕྱི་ནང་གི་མཁས་པ་མང་པོ་གདན་ཞུས་བྱས་པར་རྒྱུད་དེ་དག་གིས་ལག་རྩལ་གྱིས་རམ་འདེགས་བྱས་ནས་ལྡེབས་ངོས་ཡོངས་རྫོགས་ཤུན་བཤུས་ནས་རྒྱ་མཐོངས་གསར་བཞེངས་བྱས་པའི་ལྡེབས་ངོས་ངོར་སྔོན་ལྟར་བཞུགས་སུ་གསོལ་ཡོད་ཅིང་།  འདུ་ཁང་དེའི་འོག་གི་ཕྱོགས་བཞིའི་ལྡེབས་ངོས་སུ་ལོ་རྒྱུས་དང་སྒྱུ་རྩལ་སོགས་ཁྱད་པར་དུ་འཕགས་པའི་ལྡེབས་རིས་རྙིང་པ་ཁ་ཚང་རྣམས་ཉམས་རྒུད་དུ་མ་སོང་བར་ད་ལྟའི་བར་བཞུགས་ཡོད་པའི་རིག་གནས་ཀྱི་རྗེས་ཤུལ་དེ་དག་དེང་དུས་འཛམ་གླིང་གི་ནོར་བུ་རིན་པོ་ཆེའི་ཏོག་ཞིག་ཏུ་གྱུར་ཡོད་པས་དེ་དག་གི་ལོ་རྒྱུས་དང་སྒྱུ་རྩལ་གྱི་ཁྱད་པར་ལས་འཕྲོས་པའི་དཔྱད་བརྗོད་མདོ་ཙམ་ཞུ་བ་ལ།   

༢ དཔེ་ཝར་དགོན་པའི་ལྡེབས་རིས་ཀྱི་ནང་དོན་དང་རི་མོའི་ལུགས་སྐོར།

འདིར་སྐབས་བབ་ཀྱི་དོན་གཏན་ལ་ཇི་ལྟར་འབེབས་པ་ནི། དེང་དུས་སྡེ་དགེ་དཔེ་ཝར་དགོན་པའི་ལྷ་ཁང་ནང་གི་ལྡེབས་རིས་དེ་དག་བོད་ཀྱི་རི་མོའི་ལུགས་ཆེན་པོ་བཞི་བྱུང་ཡོད་པའི་ནང་བཟོ་རིག་པའི་བྲིས་རྒྱུན་གང་གི་ཁོངས་སུ་གཏོགས་པ་ངོས་འཛིན་ཇི་ལྟར་བྱ་དགོས་ཤེ་ན།  སྤྱིར་སྐུ་གཟུགས་བཞེངས་པ་ལ་ལུས་བཟོ་དང་ངག་བཟོ་ཡིད་བཟོ་གསུམ་གྱི་ཁོངས་སུ་མ་འདུས་པ་མེད་པས།  དེའི་ནང་གཙོ་ཆེའི་དབང་དུ་བྱས་ན་ཡིད་བཟོས་ལུས་བཟོ་དང་ངག་བཟོ་གཉིས་ཀར་མ་ཁྱབ་པ་ཞིག་མེད་མོད་རང་ལྡོག་གི་སྒོ་ནས་རྣམ་པ་གསུམ་གྱིས་འཐུས་པ་བྱས་ནས་དང་པོ་ལུས་བཟོ་ནི།  བྲིས་སྐུ་ལྟ་བུ་ཞིག་ལ་ཆ་མཚོན་ན་ལྷ་བྲིས་པ་དེས་སྐུ་གཟུགས་ཚད་ལྡན་ཞིག་ཏུ་ལེགས་གྲུབ་ཡོང་ཕྱིར་ཐོག་མར་ཞི་བ་ཡིན་ན་སངས་རྒྱས་སྤྱི་ཐིག་ལྟར་ཚངས་ཐིག་ནས་བཟུང་རྣམ་པ་རགས་རིམ་ཙམ་དུ་མ་སོང་བར་ཞིབ་ཅིང་ཕྲ་བའི་སྒོ་ནས་སྐུ་གཟུགས་དེའི་སྤྱི་ཁོག་ཐིག་དང་སྦྲེལ་བར་བྱས་པ་དང་།  དེ་ནས་ཐིག་རིས་སྤྲད་ནས་ཞི་བ་ཡིན་ན་ཞི་འཛུམ་སྒེག་པའི་ཉམས་གཙོ་འདོན་བྱས་པའི་ལྷོད་ཆགས་ལ་ཡིད་དབང་འཕྲོག་པའི་སྐུ་ཡོངས་སུ་རྫོགས་པ་མ་བྱུང་གི་བར་དང་།  ཁྲོ་བོ་ཡིན་ན་ཁྲོ་བོའི་སྤྱི་ཐིག་ལྟར་ཁྲོ་ཚུལ་གྱི་དབང་དུ་བྱས་ན་གཤིན་རྗེ་ལྟར་ཁྲོས་པ་དང་།  གནོད་སྦྱིན་ལྟར་ཁྲོས་པ།  སྲིན་པོ་ལྟར་ཁྲོས་པ།  དྲང་སྲོང་ལྟར་ཁྲོས་པ་སོགས་མང་དུ་ཡོད་པ་ལས་མདོ་ཧྲིལ་གྱི་དྲིལ་ན་སྒེག་པ་དཔའ་བ་མི་སྡུག་པ་སྟེ་སྐུ་ཡི་གར་གསུམ་དང་། དགོད་པ་དྲག་ཤུལ་འཇིགས་སུ་རུང་བ་སྟེ་གསུང་གི་གར་གསུམ་དང་།  སྙིང་རྗེ་རྔམ་དང་ཞི་བ་སྟེ་ཐུགས་ཀྱི་གར་གསུམ་སྟེ་གར་དགུའི་ཉམས་དང་ལྡན་པར་ཞིག་བྱུང་ན་སྐུ་གཟུགས་དེ་མཚན་ཉིད་དང་ལྡན་པ་ཞིག་ཏུ་གྲུབ་པ་ཡིན་ལ།  ལོངས་སྐུའི་རིགས་སྐུ་བརྙན་གྱི་གཟུགས་སུ་བཞེངས་པ་ནི་རྒྱལ་བའི་མཚན་དཔེའི་སྐུ་མཚོན་བྱེད་དུ་གྱུར་པ་ནི་ལུས་བཟོ་གྱུར་པ་ཡིན་ལ།  དེ་བཞིན་དུ་ཉན་རང་སོགས་བླ་སྐུ་དང་བྱང་སེམས་ཁྱིམ་པའི་ཆ་ལུགས་སོགས་འཁོར་ལོས་བསྒྱུར་རྒྱལ་གྱི་རྒྱན་ཆས་དང་།  ངག་བཟོ་ལའང་ཡི་དམ་གྱི་ལྷའི་སྙིང་པོ་བཟླས་བརྗོད་གཟུངས་སྔགས་ཀྱི་དོན་སྐུའི་ཆ་བྱད་མཐུན་པའི་བཟླས་དམིགས་ཀྱི་རིམ་པ་དང་།  ཆོ་ག་དང་ཆོས་སྤྱོད་སོགས་ཀློག་འདོན་གང་བསྐྱེད་རྫོགས་གང་རུང་དམིགས་རིམ་གྱི་རྒྱུར་འགྲོ་བའི་ཕྱིར་སྒྲས་བརྗོད་རིགས་ཀྱི་སྒོ་ནས་བརྟེན་དང་རྟེན་པའི་རང་བཞིན་དོན་གཏན་ལ་འབེབས་པ་ཞིག་དང་།  གཞན་ཡང་བདེ་མཆོག་དང་དུས་འཁོར་སྡོམས་བྱུང་གི་རྒྱུད་ཤ་རིའི་བུས་ཞུས་པའི་མདོ་རྣམས་ལས་ཇི་ལྟར་བྱུང་བར་ལྟར་སྐུ་གཟུགས་ཀྱི་ཐིག་གདབ་ནས་རི་མོའི་སྒྱུ་རྩལ་ལམ་ནས་བཞེངས་པའི་ཁྱད་པར་སོགས་དང་།  དམིགས་བསལ་དུ་དེང་དུས་བོད་ཀྱི་རི་མོའི་ལུགས་ཆེན་མོ་བཞི་སྟེ།  བྱེའུ་སྒང་ལུགས་དང་སྨན་ཆེན་རྣམ་གཉིས་སྒར་རིས་སོགས་ཀྱི་ཐིག་ཡིག་ལས་ཇི་ལྟར་བྱུང་བ་རྣམས་རང་རང་གི་ཁྱད་ཆོས་དང་མཐུན་ཞིང་སྒྲོ་སྐུར་དང་བྲལ་བར་བྱས་ཏེ་བསླབ་བྱའི་གནས་སྟོན་པ་རྣམས་སངས་རྒྱས་ཀྱི་གསུང་མཚོན་བྱེད་དེ་ངག་བཟོ་དང་།  ཡིད་བཟོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་འགོག་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པའི་ཟག་པ་མེད་པའི་ཡེ་ཤེས་ཆོས་སྐུ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་སྟེ།  རྡོ་རྗེ་དང་འཁོར་ལོ་ནོར་བུ་པདྨ་རལ་གྲི་སོགས་ཐུགས་ཡེ་ཤེས་ལྔ་མཚོན་པའི་ཕྱག་མཚན་དང་།  ཕྲ་ཐིག་རླུང་གསུམ་སོགས་ཟབ་གསལ་དབྱེར་མེད་ཀྱི་དོན་སྟོན་པའི་རྫོགས་པའི་རིམ་པ་རྣམས་ཡིན་ལ།  ཐེག་པ་ཐུན་མོང་བ་ལྟར་ན་ཐུགས་ཆོས་སྐུ་མཚོན་བྱེད་ཀྱི་རྟེན་འདི་ཐོག་མར་བྱུང་བར་ཀོང་སྤྲུལ་རིན་པོ་ཆེའི་ཤེས་བྱ་ཀུན་ཁྱབ་ལས་འདི་ལྟར་གསུངས་ཏེ།  སྟོན་པ་ལུམྦིའི་ཚལ་དུ་སྐུ་བལྟམས་པའི་ཚེ་ན་རྒྱལ་པོ་ཟས་གཙང་མ་སོགས་ཀྱིས་པདྨ་སྤུངས་པའི་མཆོད་རྟེན་བརྩིགས་པ་གྲགས་ལ།  དེ་ནས་གཉིས་པ་བྱང་ཆུབ་མཆོད་རྟེན་སོགས་མཆོད་རྟེན་ཆ་བརྒྱད་མཆོད་རྟེན་དུ་གྲགས་པ་རྣམས་དང་།  གཞན་དག་དབུ་སྐྲ་དང་སེན་མོའི་མཆོད་རྟེན་གྱིས་མཚོན་སངས་རྒྱས་ཀྱི་ཐུགས་ཀྱི་རྟེན་དང་ཉན་ཐོས་དགྲ་བཅོམ་པའི་མཆོད་རྟེན་སོགས་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་དད་ལྡན་རྣམས་ཀྱིས་རིམ་པར་བརྩིགས་པ་བཤད་པའི་ཕྱིར་ཞེས་གསུངས་པ་སོགས་ནི་ཟག་པ་མེད་པའི་ཡེ་ཤེས་ཀྱི་ཐུགས་མཚོན་བྱེད་དེ་ཡིད་བཟོ་སྟོན་པའོ།།  དེ་ལྟར་ལུས་ངག་ཡིད་གསུམ་གཅིག་དུ་འདུས་པའི་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་ཕྲིན་ལས་གཟི་བྱིན་སོགས་རི་མོའི་སྒྱུ་རྩལ་གྱི་ལམ་ནས་མཚོན་པའི་སྡེ་དགེ་དཔེ་ཝར་དགོན་པའི་ལྡེབས་སྐུ་རྙིང་པ་དེ་དག་བོད་ཀྱི་རི་མོ་ཆེན་མོ་བཞི་གང་གི་ལུགས་སུ་བཞེངས་པ་གཞི་གང་ནས་ངོས་འཛིན་ཇི་ལྟར་བྱ་ཞེ་ན།   འདིར་སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ལོ་རབས་སུམ་ཅུ་ཡས་མས་སུ་ལྷོ་བྲག་སྨན་ཐང་དུ་མཚན་དཔེའི་ལང་ཚོ་གསར་དུ་བཞད་པའི་སྨན་ལྷ་དོན་འགྲུབ་རྒྱ་མཚོ་ཞེས་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་འཛིན་མའི་ཁྱོན་ཀུན་ཁྱབ་པ་དེ་ཉིད་ཀྱིས་མཛད་པའི།   བོད་ཀྱི་རི་མོའི་རིག་གཞུང་ཐོག་མ་སྨན་ཐང་ལུགས་ཀྱི་བྲིས་རྒྱུན་གྱི་སྲོལ་བཏོད་པའི་《སྐུའི་ཆ་ཚད་ཡིད་བཞིན་ནོར་བུ》ཞེས་བརྩམས་པ་པོ་དེའི་ཕྱག་བྲིས་གནང་བའི་མཛད་རྗེས་མ་ཡལ་བར་ཁོང་གིས་སྐྱེ་བར་སྔོན་མ་རྒྱ་ནག་ཏུ་སྐུ་འཁྲུངས་དུས་ཀྱི་སི་ཐང་རི་མོ་གཟིགས་པས་སྔོན་གནས་རྗེས་དྲན་དུ་བྱུང་བའི་ལོ་རྒྱུས་དང་།  ཕུལ་བྱུང་གི་རི་མོའི་སློབ་བརྒྱུད་ཟམ་མ་ཆད་པར་རྒྱུན་འཛིན་བྱས་པའི་དགེ་མཚན་གྱིས་དགོན་པ་འདིའི་ལྡེབས་རིས་རྣམས་ཚོན་མཐུག་ཅིང་མདངས་ཤས་ཆེ་བ། སྤང་མཐིང་གི་ཚོན་གར་བ། སྐུའི་མགྲིན་པ་དང་ཕྲག་གོང་མཐོ་ཞིང་ལྷོད་ཆ་དོད་པ། ཤ་ཚུགས་ཀྱི་འབུར་ཉམས་དོད་པ། རྒྱང་ནས་བལྟས་ན་རྔམ་ཞིང་ཉེ་བར་བཅར་ན་ཞི་འཇམ་གྱི་སྣང་བས་ཡིད་ཀྱི་བསྟན་པ་དབང་མེད་དུ་འཕྲོག་པ། ལྷ་སྐུ་རྣམས་སྤྲིན་རུམ་གྱི་དབུས་སུ་བཀྲམ་པ་ལྟར་བཀོད་པ། གྲིབ་ངོས་གསེར་རིས་ཀྱིས་བརྒྱན་པར་སྨན་རྙིང་སྟེ་སྨན་ལྷ་དོན་གྲུབ་རྒྱ་མཚོའི་རི་མོའི་བྲིས་རྒྱུན་གྱི་ལུགས་འཁྲུལ་མེད་དུ་ལྷ་ཁང་དེའི་ལྡེབས་ངོས་སུ་གསལ་ལྷམ་མེར་བཞུགས་སུ་གསོལ་བ་ནི་ཞི་བའི་ལྷ་སྐུ་འབྲི་བར་མཆོག་ཏུ་གྱུར་ཞེས་ཀུན་གྱིས་བསྔགས་པའི་གནས་སུ་གྱུར་པ་ཡིན་ནོ། །དེའང་འདུ་ཁང་གི་ཕྱོགས་བཞིའི་ལྡེབས་རིས་དེ་དག་བརྗོད་བྱ་གང་ལ་བརྟེན་ནས་བཞེངས་པ་ཡིན་ཞེ་ན།  མདོ་སྔགས་ཆོས་ཀྱི་རྒྱ་མཚོའི་སྙིང་པོ་ཐེག་པ་མཆོག་གི་ཐར་པ་ཆེན་པོའི་མདོའི་དགོངས་དོན་གཙོ་བོར་བརྗོད་བྱར་བྱས་པའི་དུས་གསུམ་དང་ཕྱོགས་བཅུའི་བདེ་བར་གཤེགས་པའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པའི་སྐུ་གསུང་ཐུགས་མི་ཟད་པར་རྒྱན་གྱི་འཁོར་ལོའི་དུས་འཁོར་བར་ཇི་སྲིད་མ་སྟོང་གི་བར་དུ་འགྲོ་དོན་རྒྱུན་མི་ཆད་པར་མཛད་པའི་ཕྲིན་ལས་སོགས་ཕྱོགས་བཞིའི་ལྡེབས་ཞལ་གྱི་མདུན་ངོས་དྲི་གཙང་ཁང་གི་སྒོ་འགྲམ་གཡོན་ངོས་སུ་དུས་གསུམ་རྒྱལ་བའི་རང་གཟུགས་བསྐལ་བཟང་སངས་རྒྱས་སྟོང་གི་དབུས་སུ་པད་དཀར་ལྟར་བསྔགས་པའི་བདག་ཅག་གི་སྟོན་པ་རྣམ་འདྲེན་བཞི་པ་རྒྱལ་བ་ཤཱཀྱ་སེངྒེ་སྐུ་མདོག་གསེར་གྱི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་སྐུ་མཚན་དཔེའི་གཟི་བྱིན་ལྷམ་མེར་དང་གསུང་འགག་མེད་ཆོས་སྒྲ་ལྷང་ངེར་ཐུགས་ཟག་མེད་ཞི་བའི་དབྱིངས་སུ་ལྷན་ནེ་བཞུགས་པའི་འཁོར་གྱི་དཀྱིལ་འཁོར་དུ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་ནང་ཚན་གཡས་སུ་འཇམ་དཔལ་དབྱངས་དང་བྱམས་པ་གཡོན་དུ་སྤྱན་རས་གཟིགས་དང་ཕྱག་རྡོར་གཙོ་བོར་བྱས་པའི་ཚངས་པ་དང་རྒྱ་བྱིན་སོགས་ལྷའི་རིགས་དང་། དགའ་བོ་དང་འཇོག་པོ་སོགས་ཀླུའི་རིགས། ཉན་རང་འཕགས་པའི་དགེ་འདུན་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་བཞུགས་པའོ།།  དེའི་གཡས་སུ་འདས་པའི་སངས་རྒྱས་འོད་སྲུང་ལ་འཁོར་བྲམ་ཟེ་ཚངས་བྱིན་དང་ཡུམ་ནོར་བདག་མ་སྲས་དེད་དཔོན་ཏེ་ཡབ་ཡུམ་སྲས་གསུམ་གཙོ་བོར་བྱས་པའི་འཁོར་ཉན་ཐོས་དགྲ་བཅོམ་པའི་དགེ་འདུན་གྱིས་བསྐོར་བ།  དེའི་ཕྲག་གོང་གཡས་པའི་སྟེང་གི་བར་སྣང་དུ་རྒྱུད་ཀྱི་རྒྱལ་པོ་གསང་བ་མཆོག་གི་ཚད་མེད་ཐུགས་རྗེ་དང་ཕྲིན་ལས་ཀྱི་རང་གཟུགས་ངོར་ལུགས་དཀྱིལ་འཁོར་བདུན་གྱི་ཐོག་མར་རྩ་བའི་རྒྱུད་བརྟགས་པ་གཉིས་པ་ལས་དཔལ་ཀྱེེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་ཞབས་བཞི་པ་ཡུམ་རྡོ་རྗེ་བདག་མེད་དང་བཅས་པདྨ་དང་ཉི་མ་བདུད་བཞིའི་གདན་ལ་བཞེངས་པའི་གར་སྟབས་སུ་བཞུགས་པའོ།།  དེའི་གཡས་སུ་ཤར་ཕྱོགས་ཀྱི་སངས་རྒྱས་རིན་ཆེན་འབྱུང་གནས་བཞུགས་ཤིང་དེ་དག་འོག་གི་ཆར་ཐམས་ཅད་སྟོན་པ་ཐུགས་རྗེ་ཅན་གྱིས་ཐོག་མ་མེད་པའི་དུས་ནས་དག་དང་མ་དག་པའི་སྐུའི་སྐྱེ་བ་ཚད་མེད་བཞེས་པར་རབ་ཏུ་བྱེད་པའི་རྣམ་ཐར་གྱི་བཀོད་པ་ལས་ལྷའི་གཞལ་མེད་ཕོ་བྲང་གྱ་ནོམ་པ་ལ་ལོངས་སུ་སྤྱོད་ཅིང་ཤིང་རྟ་དང་རྟ་མཆོག་གི་ཆིབས་སུ་བསྒྱུར་བའི་རྣམ་པ་དང་།  རྒྱལ་སྲིད་ལ་དབང་བསྒྱུར་ཞིང་བཙུན་མོའི་འཁོར་དགྱེས་རོལ་བ་སོགས་ཀྱི་ཁྱད་པར་དུ་བྱས་པའི་ཚུལ་རྒྱས་པར་བཞེངས་ཡོད།  སྟེང་གི་ཆར་ཐམས་ཅད་འཇའ་ཟེར་དང་པདྨའི་གདན་ལ་བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་ནམ་མཁར་སྤྲིན་ཕུང་གཏིབ་པ་ལྟར་བཞེངས་ཡོད་ལ།   གཙང་ཁང་གི་སྒོ་འགྲམ་གཡས་པའི་ལྡེབས་ངོས་སུ་མཚན་དཔེའི་གཟི་བྱིན་ཕྱོགས་བརྒྱར་འབར་བའི་སངས་རྒྱས་མར་མེ་མཛད་སྐུ་མདོག་གསེར་བཙོ་མའི་མདོག་ཅན་ལ་རྒྱན་དྲུག་གི་སྐོར་ཞིང་སྐུ་རྒྱབ་འོད་ཀྱི་གཟི་བྱིན་འབར་བའི་ཚུལ་དུ་བཞུགས་ཤིང་།  གཡས་སུ་ཤེས་རབ་ཅན་གྱི་མཆོག་ཤ་རིའི་བུ་དང་།  གཡོན་དུ་རྫུལ་འཕྲུལ་ཅན་གྱི་མཆོག་མོོ་གལ་གྱི་བུ་སྟེ་མཆོག་ཟུང་གི་ཚུལ་དུ་བཞེངས་སྟབས་སུ་བཞུགས་ཤིང་།  གདན་ཁྲིའི་མདུན་ཐད་ནས་རྒྱལ་སྲིད་སྣ་བདུན་གྱི་ནང་ཚན་གཡས་སུ་བློན་པོ་རིན་པོ་ཆེའི་འཁོར་ལོ་བཏེགས་ཤིང་།  གཡོན་དུ་བཙུན་མོ་རིན་པོ་ཆེའི་ནོར་བུ་བཏེགས་པའི་ཚུལ་གྱིས་བཞུགས་པ།  འཁོར་ཉན་ཐོས་དགྲ་བཅོམ་བཅུ་དྲུག་གིས་ཡོངས་སུ་བསྐོར་བའོ།།  དེའི་གཡོན་དུ་མ་འོངས་པའི་སངས་རྒྱས་རྒྱལ་ཚབ་བྱམས་པ་མགོན་པོ་སྤྲུལ་པའི་སྐུའི་ཆ་བྱད་ཀྱིས་མེ་ཏོག་པདྨའི་འདབ་མ་ཁ་བྱེ་བ་ལྟར་ཕྱག་མཛུབ་གྲོལ་བར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ཅིང་།  པདྨ་དང་ཟླ་བའི་གདན་གྱི་མདུན་དབུས་སུ་ཡབ་བྲམ་ཟེ་ཚངས་པའི་དཔལ་དང་།  དེའི་ཡུམ་དང་།  སྲས་བསོད་ནམས་སྟོབས་གསུམ་གཙོ་བོར་བྱས་པའི་འཁོར་ཉན་ཐོས་འཕགས་པའི་དགེ་འདུན་གྱིས་བསྐོར་བའོ།།  དེའི་གཡོན་གྱི་ཕྲག་གོང་སྟེང་གི་བར་སྣང་དུ་ངོར་ལུགས་དཀྱིལ་འཁོར་བདུན་ལས་གཉིས་པ་བཤད་རྒྱུད་ཐུན་མོང་མ་ཡིན་པར་རྡོ་རྗེ་གུར་སྐུ་མདོག་སྔོན་པོ་ཞལ་བརྒྱད་ཕྱག་བཅུ་དྲུག་ཞབས་བཞི་ཡུམ་དང་བཅས་པད་ཉི་རོའི་གདན་ལ་བཞུགས་པའོ།།  དེའི་གཡོན་དུ་ལྷོ་ཕྱོགས་ཀྱི་སངས་རྒྱས་མྱ་ངན་མེད་པའི་དཔལ་བཞུགས་པའོ།།  དེ་དག་གོང་ལྟར་སྟེང་གི་ཆར་ཐམས་ཅད་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟར་པདྨ་དང་འཇའ་ཟེར་གྱི་གདན་དུ་བསྐལ་བཟང་སངས་རྒྱས་སྟོང་གིས་བསྐོར་ཞིང་བཞུགས་པའོ།།  འོག་གི་ཆར་ཐམས་ཅད་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་རྟོགས་བརྗོད་ལས་འཁོར་གྱི་དཀྱིལ་འཁོར་ལ་ཆོས་ཀྱི་སྦྱིན་པ་དང་ངན་སོང་གི་གནས་རྣམས་སུ་སེམས་ཅན་དཔག་ཏུ་མེད་པར་ཐར་པའི་ལམ་སྟོན་དུ་མཛད་པའི་ཚུལ་བཀོད་པའོ།།  འདུ་ཁང་དེའི་བྱང་གི་ལྡེབས་ངོས་དང་པོ་བྱང་ཕྱོགས་ཀྱི་སངས་རྒྱས་རྒྱལ་བའི་དབང་པོ་བཞུགས་ཤིང་།  དེའི་ཕྲག་གོང་གཡོན་པའི་སྟེང་གི་བར་སྣང་དུ་ངོར་ལུགས་དཀྱིལ་འཁོར་བདུན་གྱི་གསུམ་པ་ཐུན་མོང་བ་སམྤུ་ཊ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་ཞབས་གཉིས་གར་སྟབས་སུ་ཡུམ་གྱིས་འཁྲིལ་ཐབས་དང་བཅས་པད་ཉི་ཐོད་པའི་གདན་ལ་གར་སྟབས་སུ་བཞེངས་ཏེ་བཞུགས་པའོ།།   དེའི་གཡོན་དུ་ཤར་ལྷོའི་སངས་རྒྱས་པདྨོ་དམ་པའི་དཔལ་པདྨ་དང་ཟླ་བའི་གདན་ལ་བཞུགས་ཤིང་།  དེའི་ཕྲག་གོང་གཡོན་པའི་བར་སྣང་དུ་ངོར་ལུགས་དཀྱིལ་འཁོར་བདུན་གྱི་ནང་ཚན་དྲིལ་བུ་པའི་ལུགས་ཀྱི་མ་རྒྱུད་འཁོར་ལོ་བདེ་མཆོག་ཡབ་ཡུམ་པད་ཉི་རོའི་གདན་ལ་བཞེངས་སྟབས་སུ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ།།   དེའི་གཡོན་དུ་གཙོ་སྐུ་ནུབ་བྱང་མཚམས་ཀྱི་སངས་རྒྱས་གདུགས་དམ་པ་བཞུགས་ཤིང་།   དེའི་ཕྲག་གོང་གཡོན་པའི་བར་སྣང་དུ་དཔལ་ས་སྐྱའི་དམར་མོ་སྐོར་གསུམ་གྱི་ཡ་གྱལ་ནཱ་རོ་མཁའ་སྤྱོད་དམར་མོ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་འོད་ཕོག་པ་ལྟར་ཕྱག་གཉིས་གྲི་ཐོད་འཛིན་ཞིང་ཞབས་གཉིས་འདོར་སྟབས་སུ་པད་ཉི་རོའི་གདན་ལ་བཞུགས་པའོ།།  དེའི་གཡོན་དུ་སྟེང་ཕྱོགས་ཀྱི་སངས་རྒྱས་དགའ་བའི་དཔལ་བཞུགས་ཤིང་།   དེའི་ཕྲག་གོང་གཡོན་པའི་སྟེང་གི་བར་སྣང་དུ་དཔལ་ས་སྐྱའི་དམར་མོ་སྐོར་གསུམ་ལས་བཅོམ་ལྡན་འདས་མ་ལྷ་མོ་རིག་བྱེད་མ་ཞལ་གཅིག་ཕྱག་བཞི་པ་ཕྱག་དང་པོ་གཉིས་མདའ་གཞུ་དང་གཉིས་པ་གཉིས་ཀྱིས་ཨུཏྤལ་དང་ལྕགས་ཀྱུ་འཛིན་ཞིང་ཞབས་གཉིས་གར་སྟབས་སུ་པད་ཉི་རོའི་གདན་ལ་བཞུགས་པའོ།།  དེའི་གཡོན་དུ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་ནང་ཚན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཞིང་ཞབས་གཉིས་པད་ཟླའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  དེའི་ཕྲག་གོང་གཡོན་པའི་སྟེང་གི་བར་སྣང་དུ་རྒྱལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་བཞི་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ཕྱག་དང་པོ་རྡོ་རྗེ་དང་གཉིས་པས་པུ་སྟ་ཀ་འཛིན་ཞིང་ཕྱག་འོག་མ་གཉིས་མཉམ་བཞག་གི་ཕྱག་རྒྱ་ཅན་ཞབས་གཉིས་པད་ཟླའི་གདན་ལ་སེམས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།། དེའི་གཡོན་དུ་ཉེ་སྲས་བརྒྱད་ཀྱི་ནང་ཚན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཐེབ་མཛུབ་སྦྱར་བའི་བར་གཡས་སུ་པདྨའི་སྡོང་བུ་སྟེང་ནོར་བུ་རིན་པོ་ཆེ་འཛིན་ཞིང་དར་སྣ་ཚོགས་ཀྱི་ན་བཟའ་ཀླུབས་ཤིང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ།  པདྨ་དང་ཟླ་བའི་གདན་ལ་ཞབས་སེམས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  དེའི་ཕྲག་གོང་གཡོན་པའི་སྟེང་གི་བར་སྣང་དུ་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་སྐུ་མདོག་ཨིནྡྲ་ནཱི་ལའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་ཞལ་གཅིག་ཕྱག་གཉིས་པ་གཡས་ས་གནོན་དང་གཡོན་མཉམ་བཞག་གི་སྟེང་ན་རྡོ་རྗེ་རྩེ་ལྔ་པ་འཛིན་པ།  དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཞིང་པདྨ་དང་ཟླ་བའི་གདན་ལ་ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  དེའི་གཡོན་དུ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་ནང་ཚན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཐེབ་མཛུབ་སྦྱར་བའི་བར་པདྨའི་སྟེང་རིན་པོ་ཆེའི་སྡོང་བུ་འཛིན་ཞིང་དར་སྣ་ཚོགས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ།  པདྨ་དང་ཟླ་བའི་གདན་ལ་ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།   དེ་དག་གི་སྟེང་གི་ཆར་ཐམས་ཅད་འཇའ་སྤྲིན་དང་པདྨའི་གདན་ལ་བསྐལ་བཟང་སངས་རྒྱས་སྟོང་གི་ལྡེབས་སྐུ་བཞུགས་ཤིང་།  འོག་གི་ཆར་ཐམས་ཅད་སྟོན་པའི་སྐྱེས་རབས་ལས་དགའ་ལྡན་གྱི་གནས་སུ་ལྷའི་ཐེམ་སྐས་ལས་བབས་ཤིང་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་ཚུལ་དུ་ཡུམ་གྱི་ལྷུམས་སུ་བཞུགས་པ་དང་། ལུམྦིའི་ཚལ་དུ་སྐུ་བལྟམས་མ་ཐག་ས་ཆེན་འདིར་གོམ་པ་བདུན་བོར་བའི་མེ་ཏོག་གི་ཞབས་རྗེས་བདུན་བཞད་པའི་ཚུལ་དང་། ལྷ་དང་ལྷ་མོ་རྣམས་ཀྱིས་ཁྲུས་གསོལ་མཛད་ནས་བརྒྱ་བྱིན་དང་ཚངས་པ་སོགས་ཀྱིས་བསྟོད་བསྔགས་མཛད་ཅིང་མཚན་མཁན་རྣམས་ཀྱིས་མཚན་བརྟགས་པའི་རྣམ་པ། སྒྱུ་རྩལ་དྲུག་བཅུ་རྩ་བཞི་ལ་མངའ་བརྙེས་ཤིང་སྐྱེ་བོ་དྲེད་པ་ཅན་རྣམས་ཚར་བཅད་པའི་ཚུལ་དང་། རྒྱལ་སྲིད་ཀྱི་ཁྲི་ལ་དབང་བསྐུར་བ་དང་།  སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞིར་གཟིགས་ནས་འཁོར་བའི་བྱ་བ་ལ་སྙིང་པོ་མེད་པར་དགོངས་ནས་མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལས་ཉིད་རབ་ཏུ་བྱུང་བའི་ཚུལ་སྟོན་པའི་རྣམ་པ།  ལོ་དྲུག་དཀའ་བ་སྤྱད་ནས་དེ་ཡང་མཛོད་ལས་བསམ་གཏན་མཐའ་རྟེན་གཅིག་ལ་ཀུན་ཞེས་གསུངས་པ་ལྟར་སེམས་ཀྱི་མཐའ་སྟེ་བསམ་གཏན་བཞི་པའི་རབ་ཀྱི་སེམས་ཀྱི་མཐའ་དེ་ལ་བརྟེན་ནས་ལུས་ཀྱི་མཐའ་དེ་རྒྱལ་པོ་ཟས་གཙང་མའི་སྲས་སུ་འདོད་ཁམས་པའི་གཟུགས་ལ་བརྟེན་ནས་སྦྱོར་ལམ་དྲོད་ནས་བཟུང་སངས་རྒྱས་ཀྱི་ཡེ་ཤེས་ཟད་མི་ཤེས་ཞེས་པའི་བར་དུ་བསྟན་ཐོག་གཅིག་ལ་བསྒྲུབས་ཏེ་ཉམས་སུ་བླངས་ནས་མངོན་པར་རྫོགས་པར་སངས་རྒྱས་སོང་བ་བཞེད་པ་ལྟར་བཀོད་ཡོད།   དེ་ནས་ཤར་གྱི་ལྡེབས་ངོས་སུ་ཐོག་མའི་གཙོ་སྐུ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་ནང་ཚན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་མཐེབ་མཛུབ་བར་ཕྲག་གོང་གཡས་པར་པདྨའི་སྡོང་བུའི་མེ་ཏོག་བཞད་པའི་སྟེང་ནོར་བུམ་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཞིང་པདྨ་དང་ཟླ་བའི་གདན་ལ་ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  དེའི་ཕྲག་གོང་གཡོན་པའི་སྟེང་གི་བར་སྣང་དུ་ཀུན་རིག་རྣམ་པ་སྣང་མཛད་སྐུ་མདོག་དཀར་པོ་ཞལ་བཞི་དཀར་བ་རྩ་ཞལ་ཤར་དུ་གཟིགས་པ།  ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཞིང་པདྨ་དང་ཟླ་བའི་གདན་ལ་ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  དེའི་གཡོན་དུ་རྗེ་བཙུན་མ་སྒྲོལ་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་ཞབས་གཡས་པུས་ཐད་དུ་འཇོག་ཅིང་གཡོན་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཐུགས་ཀར་བཏེགས་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཞིང་པདྨ་དང་ཟླ་བའི་གདན་ལ་ཞབས་གཡས་བརྐྱོངས་ཤིང་གཡོན་སྐུམ་པའི་སྟབས་ཀྱིས་བཞུགས་ཤིང་། དེའི་མཐའ་འཁོར་སྒྲོལ་མ་ཉེ་གཅིག་སོགས་སྒྲོལ་མའི་བསྒྲུབ་ཐབས་ཀྱི་ལྡེབས་སྐུ་བཞེངས་པར་བྱས་ཡོད།  གཙོ་སྐུ་དེའི་ཕྲག་གོང་གཡོན་པའི་སྟེང་གི་བར་སྣང་དུ་རྒྱལ་ཡུམ་རྣམ་པར་རྒྱལ་མ་ཞལ་གསུམ་ཕྱག་བརྒྱད་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཞིང་པདྨ་དང་ཟླ་བའི་གདན་ལ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།། ཤར་གྱི་སྒོ་འགྲམ་གཡས་སུ་ཞི་འཛུམ་སྒེག་པའི་ཉམས་དང་ལྡན་པའི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་གསེར་གྱི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་གཟི་བྱིན་དང་འོད་མདངས་གསལ་བ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་པས་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་འཛིན་ཞིང་།  གཡོན་པས་མཆན་དུ་རིན་པོ་ཆེ་སྣ་ཚོགས་སྐྱུག་པའི་ནེའུ་ལེ་འཛིན་པ།  ཞུབ་ཆེན་དང་ཟ་བེར་སོགས་ཀྱིས་ན་བཟའ་གསོལ་བ།  ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་སུ་པདྨ་དང་ཟླ་བའི་གདན་ལ་སེངྒེ་དཀར་མོའི་ཞལ་རང་ལ་བསྟན་པ་ཆིབས་སུ་བསྒྱུར་ཞིང་བཞུགས་པ་དང་།  མཐའ་འཁོར་དུ་རང་འདྲའི་རིགས་རྣམ་སྲས་རྐྱ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ།། དེའི་མདུན་དུ་སྦྱིན་བདག་མཚོན་བྱེད་དུ་སྡེ་དགེའི་དབུ་བླ་ཁག་དང་། ཆོས་རྒྱལ་བསྟན་པ་ཚེ་རིང་སོགས་རི་མོ་སྤུས་དག་ལ་སྒྲོས་གཙང་མ་བཞེངས་ཡོད། དེ་དག་གི་སྟེང་གི་ཆར་ཐམས་ཅད་འཇའ་སྤྲིན་དང་པདྨའི་གདན་ལ་བསྐལ་བཟང་སངས་རྒྱས་སྟོང་གི་ལྡེབས་སྐུ་བཞུགས་ཤིང་།  འོག་གི་ཆར་ཐམས་ཅད་སྟོན་པ་བཀའ་དྲིན་ཅན་གྱིས་སྐྱེས་རབས་རྣམ་པར་ཐར་པ་ལས་འཕྲོས་པའི་སྔོན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་དུག་སྦྲུལ་གྱིས་ཚོང་དཔོན་རྣམས་བཙེས་པའི་ཚེ་གླང་ཆེན་དང་སེངྒེའི་སྐྱེ་བ་བཞེས་པ་ན་དུག་སྦྲུལ་གྱི་ཀླད་ཁྲག་འབྱིན་ནས་ཚོང་དཔོན་དེ་དག་སྲོག་ལས་སྐྱོབ་པའི་རྣམ་པ་དང་།  ཉེ་འཚེ་བའི་སེམས་ཅན་མང་པོ་མཐོ་རིས་ཀྱི་གནས་སུ་དྲངས་པའི་རྣམ་ཐར་སོགས་བཀོད་ཡོད།  འདུ་ཁང་དེའི་ནང་དུ་སྒོ་ཆེན་ཐོག་གི་ལྡེབས་ངོས་ཀྱི་དབུས་སུ་བདེ་གཤེགས་ཕག་མོ་གྲུབ་པས་གཙོ་བོ་བྱས་པའི་གཡས་སུ་ཞྭ་ནག་པ་བྱང་ཆུབ་རྡོ་རྗེ་དང་སི་ཏུ་ཆོས་ཀྱི་འབྱུང་གནས་རིག་འཛིན་ཀུན་བཟང་ཤེས་རབ།  གཡོན་དུ་ཞྭ་དམར་ཆོས་ཀྱི་དོན་གྲུབ་དང་གཏེར་སྟོན་མི་འགྱུར་རྡོ་རྗེ་གྲུབ་མཆོག་ཀརྨ་ཆགས་མེད་སོགས་ཀརྨ་པ་ཞྭ་དམར་ནག་གི་བླ་མ་བརྒྱུད་པ་རྣམས་བཞུགས་ཡོད་དོ།།   ཤར་གྱི་སྒོ་འགྲམ་གཡོན་དུ་དཔལ་ས་སྐྱ་པའི་སྲུང་མ་གུར་མགོན་གཙོ་བོར་བྱས་པའི་ལས་མགོན་ཡབ་ཡུམ་དང་པུ་ཊ་མིང་སྲིང་གསུམ།  ཡུམ་ཆེན་ཨེ་ཀ་ཛ་ཊའི་ལྷ་མོ་འདོད་ཁམས་དབང་ཕྱུག་མ།  མགོན་པོ་བྲམ་གཟུགས་སོགས་གཙོ་བོ་བྱས་པའི་ཕོ་ཉ་ལྔ་དང་རུ་འདྲེན་སྡེ་བཞི་བཅས་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་བཞུགས་ཤིང་།   དེ་དག་གི་གཡོན་པའི་ལྡེབས་ངོས་སུ་སྟེང་གི་བར་སྣང་དུ་རྡོ་རྗེ་སེམས་དཔའ་དང་།  དེའི་འོག་ཏུ་མགོན་དཀར་ཕྱག་དྲུག་པ།  དེའི་འོག་ལས་ཀྱི་གཤིན་རྗེ་གཤེད་ནག་པོ་ཡབ་ཡུམ་བཅས་བཞེངས་ཡོད་ལ།   ལྡེབས་ངོས་དེའི་གཡོན་དུ་དྲི་ཟའི་བུ་མོ་དབྱངས་ཅན་ལྷ་མོ་པད་ཟླའི་གདན་ལ་ཙོག་པུར་ཕྱག་གཉིས་དྲི་ཟའི་རྒྱུད་མངས་སོར་རྩེས་དཀྲོལ་བའི་ཚུལ་གྱིས་བཞུགས་ཤིང་།  དེའི་མཐའ་འཁོར་དུ་རྣམ་སྲས་འབྲུག་ཞོན་གཙོ་བོ་བྱས་པའི་ནོར་ལྷའི་ཚོགས་ཀྱིས་བསྐོར་བའོ།།  དེ་དག་གི་གཡོན་ངོས་སྟེང་གི་བར་སྣང་དུ་ལྷ་མོ་ལོ་མ་གྱོན་མ་ཞལ་གསུམ་ཕྱག་དྲུག་ཞབས་གཉིས་བརྐྱངས་སྐུམ་སྟབས་ཀྱིས་ཕྱེད་སྐྱིལ་པདྨ་དང་ཉི་མའི་གདན་ལ་བཞུགས་པ།  དེའི་གཡོན་དུ་གཙོ་སྐུ་ཉེ་སྲས་བརྒྱད་ཀྱི་ནང་ཚན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཐེབ་མཛུབ་སྦྱར་བའི་བར་པདྨའི་སྡོང་བུ་ལ་མེ་ཏོག་བཞད་པའི་སྟེང་རིལ་པ་སྤྱི་བླུགས་འཛིན་པ།  དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ།  པདྨ་དང་ཟླ་བའི་གདན་ལ་སེམས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།དེ་དག་གི་སྟེང་གི་ཆར་ཐམས་ཅད་བསྐལ་བཟང་སངས་རྒྱས་སྟོང་གི་ལྡེབས་སྐུ་བཞུགས་ཤིང་།  འོག་གི་ཆར་སྟོན་པའི་སྐྱེས་རབས་ལས་བསྐལ་པ་དཔག་ཏུ་མེད་པ་སྔོན་རོལ་ན་བྱང་ཆུབ་དཔས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚེ་ཁང་བཟང་དང་ཀུན་དགའ་ར་བ་ན་བཞུགས་པའི་རྒྱ་རིགས་དང་རྗེའུ་རིགས་བྲམ་ཟེའི་རིགས་ལ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་རྣམ་པ་བཞེངས་ཡོད།   ལྷོའི་ལྡེབས་ངོས་ཀྱི་ཐོག་མར་ཉེ་སྲས་བརྒྱད་ཀྱི་ནང་ཚན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་རྣམ་སེལ་ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཐེབ་མཛུབ་སྦྱར་བའི་བར་པདྨའི་སྡོང་པོ་ལ་མེ་ཏོག་བཞད་པའི་སྟེང་ནོར་བུ་རིན་པོ་ཆེ་འཛིན་པ།  དར་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་ཞིང་པདྨ་དང་ཟླ་བའི་གདན་ལ་སེམས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  དེའི་ཕྲག་གོང་གཡོན་པའི་སྟེང་གི་བར་སྣང་དུ་ལས་ཀྱི་རིགས་ཀྱི་རྡོ་རྗེ་སེམས་དཔའ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་པས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་ཅིང་།  གཡོན་དྲིལ་བུ་དཀུར་བརྟེན་པ་པདྨ་མ་དང་ཟླ་བའི་གདན་ལ་ཞབས་ཕྱེད་སྐྱིལ་གྱི་ཚུལ་དུ་བཞུགས་པའོ།།   དེའི་གཡོན་དུ་གཙོ་སྐུ་ཉེ་སྲས་བརྒྱད་ཀྱི་ནང་ཚན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་ཐད་དུ་འཇོག་ཅིང་གཡོན་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཐུགས་ཀར་གཏོད་པ།  པདྨ་དང་ཟླ་བའི་གདན་ལ་ཞབས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  དེའི་ཕྲག་གོང་གཡོན་པའི་སྟེང་གི་བར་སྣང་དུ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་འོད་ཕོག་པ་ལྟར་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་འཆི་མེད་ཚེ་ཡི་བུམ་པ་འཛིན་ཞིང་ལོངས་སྤྱོད་རྫོགས་པའི་སྐུའི་ཆ་བྱད་ཅན།  ཞབས་གཉིས་པད་ཟླའི་གདན་ལ་བཞུགས་པའོ།།  དེའི་གཡོན་དུ་གཙོ་བོ་ཉེ་སྲས་བརྒྱད་ཀྱི་ནང་ཚན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་དབྱངས་གུ་གུམ་གྱི་མདོག་ཅན་ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཐེབ་མཛུབ་སྦྱར་བའི་བར་ཕྲག་གོང་ནས་པདྨའི་སྡོང་བུ་བཞད་པའི་སྟེང་གཡས་རལ་གྲི་གཡོན་པུ་ཏི་འཛིན་པ།  པདྨ་དང་ཟླ་བའི་གདན་ལ་ཞབས་སེམས་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།

དེའི་ཕྲག་གོང་གཡོན་པའི་བར་སྣང་དུ་གཤིན་རྗེ་གཤེད་ཡབ་ཡུམ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་ཐོད་དབྱུག་ནམ་མཁར་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་ཏེ་ཡུམ་ལ་འཁྱུད་པ།  པདྨ་དང་ཉི་མའི་གདན་ལ་ཞབས་གཉིས་བཞེངས་སྟབས་སུ་མ་ཧེ་ལ་ཞོན་པའོ།།  དེའི་གཡོན་དུ་གཙོ་སྐུ་བྱང་ཤར་མཚམས་ཀྱི་སངས་རྒྱས་ཏིང་ངེ་འཛིན་གྱི་གླང་པོ་དམ་པའི་དཔལ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་ཆོས་གོས་རྣམ་གསུམ་གསོལ་ཞིང་པདྨ་དང་ཟླ་བའི་གདན་ལ་ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  དེའི་ཕྲག་གོང་གཡོན་པའི་བར་སྣང་དུ་དཔལ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་མཐིང་ནག་ཞལ་དགུ་སུམ་ཅུ་དྲུག་ཕྱག་དང་། རྩ་ཕྱག་གཉིས་ཀྱི་གྲི་ཐོད་འཛིན་ཞིང་ཡུམ་ལ་འཁྱུད་པ། ཕྱག་ལྷག་མ་རྣམས་རང་རང་གི་ཕྱག་མཚན་དང་བཅས་རྩ་ཞལ་མ་ཧེ་ཁྲོས་པའི་གདོང་པ་ལ་ཞལ་ལྷག་མ་རྣམས་རབ་ཏུ་ཁྲོས་ཤིང་སྟེང་ཞལ་འཇམ་དཔལ་གཞོན་ནུའི་ཞལ་ཅུང་ཟད་ཁྲོ་ཉམས་ཅན་བཅུ་དྲུག་ཞབས་རྣམས་བརྐྱངས་བསྐུམས་འདོར་སྟབས་ཀྱི་ཚུལ་དུ་མི་དང་མ་ཧེ་གླ་བང་བུ་རྔ་མོ་ཁྱི་ལུག་ཅེ་སྤྱང་སོགས་མནན་པའི་ཚུལ་གྱིས་པདྨ་དང་ཉི་མའི་གདན་ལ་བཞུགས་པའོ།།  དེའི་གཡོན་དུ་གཙོ་སྐུ་འོག་ཕྱོགས་ཀྱི་སངས་རྒྱས་པད་མོའི་དཔལ།  གསེར་བཙོ་མའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་ཆོས་གོས་རྣམ་གསུམ་གསོལ་ཞིང་པདྨ་དང་ཟླ་བའི་གདན་ལ་ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  དེའི་ཕྲག་གོང་གཡོན་པའི་བར་སྣང་དུ་ཡི་དམ་གྱི་གཙོ་བོ་ངོར་ལུགས་དཀྱིལ་འཁོར་བདུན་གྱི་ནང་ཚན་རྒྱུད་རྒྱལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་སྐུ་མདོག་དམར་སེར་ཞལ་གསུམ་ཕྱག་དྲུག་པ་ཡབ་ཡུམ་འཁྲིལ་ཐབས་སུ་པདྨ་དང་ཉི་མའི་གདན་ལ་ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  དེའི་གཡོན་དུ་གཙོ་སྐུ་དབུས་ཕྱོགས་ཀྱི་སངས་རྒྱས་སྣང་བ་དམ་པའི་དཔལ་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་ཆོས་གོས་རྣམ་གསུམ་ཀླུབས་ཤིང་པདྨ་དང་ཟླ་བའི་གདན་ལ་ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  དེའི་ཕྲག་གོང་གཡོན་པའི་བར་སྣང་དུ་ཡི་དམ་གྱི་གཙོ་བོ་ངོར་ལུགས་དཀྱིལ་འཁོར་བདུན་གྱི་ནང་ཚན་རྒྱུད་རྒྱལ་གསང་བ་འདུས་པ་མི་སྐྱོད་པ་སྐུ་མདོག་མཐིང་ག་ཞལ་གསུམ་ཕྱག་དྲུག་པ་ཡབ་ཡུམ་འཁྲིལ་ཐབས་སུ་པདྨ་དང་ཉི་མའི་གདན་ལ་ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།། དེ་དག་གི་སྟེང་གི་ཆར་ཐམས་ཅད་འཇའ་སྤྲིན་དང་པད་ཟླའི་གདན་ལ་བསྐལ་བཟང་སངས་རྒྱས་སྟོང་གི་སྐུ་བཞུགས་ཤིང་།  འོག་གི་ཆར་ཐམས་ཅད་སྟོན་པ་ཐུགས་རྗེ་ཅན་གྱིས་སྐྱེས་རབས་རྣམ་པར་ཐར་པ་ལས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་མཛད་པ་རྣམས་དང་།  སྔོན་རྒྱ་གར་རྒྱལ་པོ་གཟུགས་ཅན་སྙིང་པོས་མཐའ་འཁོབ་ཀྱི་རྒྱལ་པོ་སྒྲ་བསྒྲོགས་ལ་སྐྱེས་ལན་དུ་སྟོན་པའི་སྐུ་རས་ལ་བྲིས་ནས་བསྐུར་བ་བརྩམ་པ་ན་སྟོན་པའི་སྐུའི་མཚན་དཔེའི་གཟི་བྱིན་འབར་བར་ལྟ་བས་མ་བཟོད་ནས་བཟོ་བོས་འབྲི་མ་ནུས་པར་ཁྲུས་རྫིང་གི་ཉེ་འགྲམ་དུ་སྟོན་པ་བཞུགས་པའི་ཆུ་ནང་དུ་སྟོན་པའི་གཟུགས་སྐུ་ཤར་བ་ཇི་ལྟར་བ་བཞིན་རས་ལ་བྲིས་པ་སོགས་ཆེས་གསལ་བས་རྒྱས་པར་ཤེས་འདོད་ན་སྐྱེས་རབས་དང་འབྲེལ་ནས་གསལ་བཤད་བྱ་དགོས་ཀྱང་འདིར་ཡིག་ཚོགས་མང་བ་དོགས་ནས་རེ་ཞིག་བཏང་སྙོམས་སུ་བཞག་ནས་རགས་རིམ་ཙམ་དུ་ངོ་སྤྲོད་བྱས་པ་ཡིན།   འདུ་ཁང་དེའི་དྲི་གཙང་ཁང་གི་སྒོ་ལོགས་གཡོན་པའི་ལྡེབས་ངོས་སུ་གཙོ་སྐུ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་ཕྱག་གཡས་རྡོ་རྗེ་རྩེ་ལྔ་ཐུགས་ཀར་གཏོད་ཅིང་གཡོན་དྲིལ་བུ་དཀུར་བརྟེན་པ།  དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ།  པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  དེའི་འོག་གི་མདུན་ཐད་དུ་དབུས་སུ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱའི་སྟེང་ཚེ་ཡི་བུམ་པ་བསྣམས་ཤིང་ཡུམ་ལ་འཁྱུད་པ་དེའི་འོག་གཡས་སུ་དཔལ་ལྡན་མ་ནིང་ནག་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྐུ་ལ་བེར་ཆེན་མཐིང་ག་གསོལ་ཞིང་ཕྱག་གཡས་མདུང་དར་དང་གཡོན་པས་ཞགས་པ་འཛིན་པ་ཞབས་ལ་སག་ལྷམ་གསོལ་ཞིང་འདོར་སྟབས་སུ་པད་ཉི་རོའི་གདན་ལ་བཞུགས་པའོ།། གཡོན་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སེངྒེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སེང་ཞལ་རབ་ཏུ་རྔམ་པར་ཆེས་ཆེར་གདང་ཞིང་མཆེ་བ་གཙིགས་པ། ཕྱག་གཡས་གྲི་གུག་ནམ་མཁའ་ལ་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པའི་སྐྱིལ་ཀྲུང་ཕྱེད་པར་བརླ་ལ་གཏད་པ། གྲུ་མོ་གཡོན་ན་ཁ་ཏྲཾ་རྩེ་གསུམ་བསྣམས་པ། པད་ཉི་རོའི་གདན་ལ་གར་སྟབས་སུ་བཞུགས་པའོ།། དེ་དག་གི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྟོང་སྐུ་པདྨ་དང་ཟླ་བའི་གདན་ལ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  གཙང་ཁང་གི་སྒོ་ལོགས་གཡས་པའི་ལྡེབས་ངོས་སུ་གཙོ་སྐུ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་འཆི་མེད་ཚེ་ཡི་བུམ་པར་དཔག་བསམ་གྱི་ཤིང་གི་ཁ་རྒྱན་བྱས་པ་བསྣམས་ཤིང་། དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ།  པདྨ་དང་ཟླ་བའི་གདན་ལ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  དེའི་འོག་གི་མདུན་ཐད་དུ་དབུས་སུ་ཚེ་དཔག་མེད་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱའི་སྟེང་འཆི་མེད་ཚེ་ཡི་བུམ་པ་བསྣམས་ཤིང་ཡུམ་ལ་འཁྱུད་པ། གཡས་སུ་འཇམ་དཔལ་དབྱངས་དང་གཡོན་དུ་སྤྱན་རས་གཟིགས་འོག་ཏུ་ཕྱག་ན་རྡོ་རྗེ་ཏེ་རིགས་གསུམ་སེམས་དཔའ་གསུམ་གྱིས་བསྐོར་བ།  དེའི་འོག་ཏུ་གཏེར་གསར་གྱི་བསྲུང་མ་གཉིས་དང་སྟེང་འོག་ཕྱོགས་མཚམས་ཐམས་ཅད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྟོང་གི་སྐུ་པདྨ་དང་ཟླ་བའི་གདན་ལ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  གཙང་ཁང་དེའི་བྱང་གི་ལྡེབས་ངོས་ཀྱི་གཙོ་སྐུ་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད་རྩ་ཕྱག་གཉིས་གཡས་རྒྱ་གྲམ་དང་གཡོན་ཞགས་པ་ཐུགས་ཀར་སྟེང་འོག་འཛིན་པ། གཡས་གཉིས་པ་གྱེན་དུ་བཏེགས་པའི་ཕྱག་མཐིལ་སྣང་མཐའི་བཞུགས་སྐུ།  གཡས་གསུམ་པས་ཤེས་རབ་ཀྱི་མདའ་མོ་འཛིན་པ།  གཡས་བཞི་པས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་ཐད་དུ་བཞག་པ།  གཡོན་གཉིས་པས་སྐྱབས་སྦྱིན་གྱི་ཕྱག་རྒྱ་གྱེན་དུ་བསྟན་པ།  གཡོན་གསུམ་པ་ཐབས་ཆེན་གྱི་གཞུ་མོ་འཛིན་པ།  གཡོན་བཞི་པ་མཉམ་བཞག་གི་སྟེང་དུ་འཆི་མེད་ཚེ་ཡི་བུམ་པ་འཛིན་ཞིང་།  དར་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཞིང་པདྨ་དང་ཟླ་བའི་གདན་ལ་ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  དེའི་འོག་གི་མདུན་ཐད་དུ་བླ་མ་དགོངས་འདུས་སྐུ་མདོག་དམར་མོ་ཞལ་གསུམ་ཕྱག་དྲུག་པ་གཡོན་ཞལ་དཀར་ལ་གཡས་ཞལ་གནག་པ།  རྩ་ཕྱག་གཉིས་ཀྱིས་རྡོ་དྲིལ་ཐུགས་ཀར་བསྣོལ་ཞིང་ཡུམ་ལ་འཁྱུད་པ།  ཕྱག་གཉིས་པ་གཉིས་ཀྱིས་ཚེ་བུམ་དང་ཁ་ཊཱཾ་རྩེ་གསུམ་འཛིན་པ།  ཕྱག་གསུམ་པ་གཉིས་ཀྱིས་རལ་གྲི་དང་ཐོད་པ་འཛིན་པ།  ཡུམ་རྡོ་རྗེ་རྣལ་འབྱོར་མ་དམར་མོའི་ཡབ་ཀྱི་མགུལ་ནས་འཁྱུད་པའི་ཚུལ་གྱིས་གྲི་ཐོད་འཛིན་པ།  གླང་ཆེན་གྱི་ཀོ་རློན་དང་སྟག་གི་པགས་པའི་ཤམ་ཐབ་གསོལ་བ།  གཉིས་ཀའང་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། པད་ཉི་རོའི་གདན་ལ་བཞེངས་སྟབས་སུ་བཞུགས་པའོ།།  དེའི་གཡས་སུ་སློབ་དཔོན་ཆེན་པོའི་ཐུགས་སྒྲུབ་བར་ཆད་ལམ་སེལ་ལས་མཚན་བརྒྱད་ཀུན་འདུས་ནོར་བུ་ལུགས་ཀྱི་སྐུ་དང་གཡོན་དུ་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་མོ་ཡབ་ཡུམ་མཉམ་པར་སྦྱོར་བའི་ཚུལ་གྱིས་བཞུགས་པའོ།།  དེའི་འོག་མདུན་ངོས་གྱི་གཡས་སུ་ཡེ་ཤེས་རབ་འབར་སྐུ་མདོག་དམར་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་པ། རྩ་ཕྱག་གཉིས་ཀྱི་གྲི་ཐོད་འཛིན་ཞིང་ཡུམ་ལ་འཁྱུད་པ། ཕྱག་གཉིས་པ་གཉིས་ཀྱི་རྡོ་རྗེ་རྭ་གདེང་པ་དང་ཁ་ཏྲཾ་ག་འཛིན་པ། ཕྱག་གསུམ་པ་གཉིས་ཀྱི་རལ་གྲི་དང་སྡིག་ར་འཛིན་པ། གླང་ཆེན་གྱི་ཀོ་བས་སྟོད་གཡོགས་ཤིང་སྟག་གི་པགས་པས་སྨད་གཡོགས་པ་པདྨ་དང་ཉི་མ་རོའི་གདན་ལ་འདོར་སྟབས་སུ་བཞུགས་པའོ།། གཡོན་དུ་ཁྲོ་རྒྱལ་རྟ་མཆོག་རོལ་པའི་སྐུ་ཞལ་གཅིག་ཕྱག་གཉིས་ཞབས་གཉིས་པ་སྐུ་ལ་བེར་ཆེན་མཐིང་ག་གསོལ་ཞིང་། ཕྱག་གཡས་པས་རལ་གྲི་དང་གཡོན་པས་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ཞབས་གཉིས་འདོར་སྟབས་སུ་བཞུགས་པའོ།།  དེ་དག་གི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྟོང་སྐུ་པདྨ་དང་ཟླ་བའི་གདན་ལ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་བཞིན་བཞུགས་པའོ།།  གཙང་ཁང་གི་ལྷོའི་ལྡེབས་ངོས་སུ་བཞུགས་པའི་གཙོ་སྐུ་འཕགས་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་གངས་ཀྱི་རི་བོ་ལ་ཉི་གཞོན་ཕོགས་པ་ལྟར་དཀར་གསལ་གྱི་མདངས་འཚེར་ཞིང་།  ཞལ་གཅིག་ཕྱག་གཉིས་སྤྱན་བདུན་དང་ལྡན་ཞིང་ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་པུས་ཐད་དུ་འཇོག་ཅིང་གཡས་པས་སྐྱབས་སྦྱིན་ཐུགས་ཀར་གཏད་པའི་མཐེབ་སྲིན་སྦྱར་བ་ལས་པདྨའི་སྡོང་བུ་སྙན་གྱི་ཐད་དུ་ཁ་བྱེ་བར་འཛིན་པ།  དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་པདྨ་དང་ཟླ་བའི་གདན་ལ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།།  དེའི་འོག་གི་མདུན་ངོས་སུ་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པ། ཕྱག་དང་པོ་གཉིས་ཀྱི་གྲི་ཐོད་འཛིན་ཞིང་ཡུམ་ལ་འཁྱུད་པ། ཕྱག་ལྷག་མ་བཞིས་རྡོ་རྗེ་དང་ཐོད་ཁྲག་འཛིན་པ། པདྨ་དང་ཉི་མ་རོའི་གདན་ལ་ཞབས་གཉིས་འདོར་སྟབས་སུ་པད་ཉི་རོའི་གདན་ལ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ།། དེའི་འོག་གི་གཡས་སུ་ཀུན་བཟང་ཧེ་རུ་ཀ་ཡབ་ཡུམ་ཞལ་གསུམ་ཕྱག་དྲུག་པ་ཕྱག་དང་པོ་གཉིས་རྡོ་དྲིལ་ཐུགས་ཀར་སྟེང་འོག་ཏུ་འཛིན་ཞིང་ཡུམ་ལ་འཁྱུད་པ། ཕྱག་གཉིས་པ་གཉིས་མི་ལྤགས་ཀྱི་གཡང་གཞི་རྒྱང་ཞིང་གཡས་རྔེའུ་ཆུང་གཡོན་ཞགས་པ་འཛིན་པ། ཕྱག་གསུམ་པ་གཉིས་ཀྱི་གཡས་ཁ་ཏྲཾ་རྩ་གསུམ་དང་གཡོན་ཐོད་ཁྲག་འཛིན་པ། ཞབས་གཉིས་འདོར་སྟབས་སུ་པད་ཉི་རོའི་ གདན་ལ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ།། དེའི་གཡོན་དུ་ཕུར་པ་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་ཞབས་དྲུག་པ། རྩ་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ་ལས་རྡོ་རྗེ་ཕུར་པ་བསྣམས་པ། གཡས་གཉིས་པ་གཉིས་ཀྱི་རྡོ་རྗེ་དང་གཡོན་གཉིས་པ་གཉིས་ཀྱི་མེ་རི་དང་ཁ་ཏྲཾ་ག་འཛིན་པ། ནུབ་ཀྱི་ལྡེབས་ངོས་མདུན་ཐད་འཇིམ་བཟོའི་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་སྐུ་མདོག་གསེར་གྱི་ལྷུན་པོ་ལ་ཉི་འོད་ཕོག་པ་ལྟར་མཚན་དཔེའི་གཟི་བྱིན་འབར་བའི་སྐུ་རྒྱབ་རྒྱན་དྲུག་གིས་མཛེས་རྒྱན་དུ་སྤུད་པ་སེང་ཁྲི་པད་ཟླའི་གདན་བཞུགས་པའོ།།  འདུ་ཁང་དེའི་རྒྱ་མཐོང་གི་ལྡེབས་ངོས་སུ་རྡོ་རྗེ་འཆང་གི་གཙོ་བོར་བྱས་པའི་འཁོར་རྡོ་རྗེའི་རིགས་ཀྱི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། གཡས་གཡོན་ལོགས་གཉིས་ཀྱི་ལྡེབས་ངོས་སུ་ཞིང་ཁམས་ཀྱི་བཀོད་པར་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་རི་བོ་ཆེན་པོ་གྲུ་འཛིན་ཏེ་པོ་ཏ་ལ་དང་རྒྱལ་བ་འོད་དཔག་མེད་ཀྱི་གནས་བདེ་བ་ཆེན་པོའི་ཞིང་གི་བཀོད་པ་སྟེ་ཁང་བཟང་དང་བློས་སློང་ཀུན་དགའ་ར་བ་སོགས་སུ་ སྤྲུལ་སྐུ་དང་ལོངས་སྐུ་སྟེ་མཚན་དཔེའི་རྒྱན་པ་དང་བླ་སྐུ་སོགས་བཞེངས་སྐུ་དང་བཞུགས་སྐུ་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང་ལྷ་དང་ཀླུ་དང་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་དང་བློན་པོ་གླང་པོ་བཙུན་མོ་སྟེ་མཚོ་དང་རྫིང་བུ་སོགས་ཀྱི་ཁྱད་པར་དུ་འཕགས་པ་དུ་མས་རྒྱན་པ།  གཙུག་ལག་ཁང་དེའི་སྟེང་འོག་གི་ལྡེབས་རིས་རྣམས་ཀྱི་ཚོན་མདངས་དང་རི་མོའི་འགྲོས་སོགས་སྤུས་དག་ལ་སྒྲོས་གཙང་བ་ལོ་རྒྱུས་ཀྱི་རིན་ཐང་སོགས་མདོར་ན་བོད་ཆོས་ལྡན་གྱི་ཞིང་ཁམས་སུ་རིས་སུ་མ་ཆད་པའི་ཆོས་ལུགས་གྲུབ་མཐའ་ཐམས་ཅད་ཀྱི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་ནོར་ལྷ་སོགས་ཀྱི་ལྡེབས་སྐུ་གྲྭ་མ་ཉམས་ཤིང་ཟུར་མ་ཆགས་པ་ལྡེབས་རིས་རྙིང་པ་འཛམ་གླིང་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བ་རིག་གནས་ཀྱི་རྒྱ་མཚོ་ཆེན་པོ་ཞིག་ཏུ་གྱུར་ཡོད།།

༣ དཔེ་ཝར་དགོན་གྱི་ལྡེབས་རིས་ཀྱི་སྒྱུ་རྩལ་གྱི་ཉམས་

དང་ཁྱད་པར་གྱི་ཆོས་ཇི་ལྟར་ལྡན་པའི་སྐོར།

བཟོ་རིག་པ་ལ་མེད་དུ་མི་རུང་བ་ནི་སྒྱུ་རྩལ་ཡིན།  སྒྱུ་རྩལ་དང་ཁ་བྲལ་ན་རི་མོའི་སྲོག་ཉམས་པ་ཡིན་ལ།  སྒྱུ་རྩལ་གྱི་ཉམས་ཇི་ལྟར་ལྡན་ཚེ་རི་མོའི་རིན་ཐང་ཡང་དེ་ཙམ་ཞིག་ཁྱད་པར་དུ་འཕགས་པར་འགྱུར་ཏེ།  དཔེར་ན་ཕྱི་སྣོད་ཀྱི་འཇིག་རྟེན་ཏེ་རི་བྲག་ཁང་ཁྱིམ་གླིང་བཞི་གླིང་ཕྲན་རྩི་ཤིང་ནགས་ཚལ་སོགས་འགྲོ་བའི་སེམས་ཁམས་ཏེ་ཤེས་རྒྱུད་ཀྱི་མ་བསྡུས་པ་དང་།  ནང་བཅུད་ཀྱི་སེམས་ཅན་ཏེ་མནར་མེད་ནས་སྲིད་རྩེའི་བར་གྱི་འགྲོ་བའི་སེམས་ཁམས་ཀྱི་བསྡུས་པའི་རིགས་དྲུག་སྲིད་པའི་སེམས་ཅན་སོགས་གང་ཡིན་རུང་རི་མོའི་གཟུགས་སུ་གཏན་ལ་འབེབས་ཚེ་རི་མོ་དེ་མཐོང་མ་ཐག་གང་ཟག་དེའི་ཤེས་རྒྱུད་ལ་ཆགས་སྡང་དང་དགའ་སྡུག་གི་ཚོར་འདུའི་སྐྱོམ་པའི་དངོས་པོ་དེ་དང་དེའི་ངོ་བོ་དང་རྣམ་པ་བྱེད་ལས་སོགས་ཐ་མི་དད་པར་ཇི་མ་ཇི་ལྟར་བ་ཞིག་བྱུང་ན་རི་མོ་དེས་དངོས་པོ་དེའི་ཆོས་ཉིད་ཀྱི་ཚབ་མཚོན་ཡོང་ཐུབ་པ་ནི་གསོན་ཉམས་དང་སྒྱུ་རྩལ་གྱི་རང་བཞིན་ལྡན་པ་ཡིན་ལ།  དེ་ལྟར་མ་ཡིན་པར་ཕན་གནོད་དང་བྱེད་ལས་གང་ཡང་མཚོན་མི་ནུས་པའི་གཟུགས་རིས་ཤིག་ག་ཤེད་ནས་བྲི་ནི་བྲིས་ཡོད་པ་ཞིག་ལ་རྣམ་རྟོག་ཕྲ་མོ་ཙམ་ཡང་གཡོ་བའི་རྐྱེན་དུ་མ་སོང་བར་བཏང་སྙོམས་སུ་ལུས་པའི་རི་མོ་ནི་གསང་མདོའི་རྩྭ་བཞིན་དུ་འདོར་བ་ལས་འོས་མེད་ལ།  ཁྱད་པར་དུ་ནང་ཆོས་ཀྱི་རིག་གནས་དང་འབྲེལ་བའི་རི་མོ་འདི་ནི་ཐོག་མར་ལྡེབས་ངོས་སུ་ལྷ་བཀོད་ཀྱི་ཁྱད་ཆོས་དང་ལྡན་པའི་སྒྱུ་རྩལ་གྱི་ཁྱད་པར་བརྟག་ན།  གཙོ་སྐུ་རྣམས་ཅུང་ཆེ་ཞིང་ལྷོད་ཆགས་ལ་བརྗིད་ཉམས་དོད་པ་འཛུམ་མཛེས་མདངས་གསལ་ལྡན་པའི་སྒྱུ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པ་དང་ལྡན་པ།  ཁ་དོག་སྣ་ཚོགས་པའི་མདངས་ཀྱིས་ཕྱུག་པའི་པདྨ་རབ་ཏུ་རྒྱས་ཤིང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་སྐུའི་མཚན་དཔེ་རང་བཞིན་གྱིས་གསལ་ལྷམ་མེར་བཞད་པའི་ཉམས་དང་ལྡན་ཞིང་།   གསུང་འགག་མེད་གཟུངས་སྔགས་ཀྱི་འཁོར་ལོ་དང་ཨ་ལི་ཀ་ལི་སོགས་མགྲིན་པ་ཆོས་དུང་གཡས་སུ་འཁྱིལ་བའི་ལམ་ནས་གསུང་དབྱངས་ཡན་ལག་དྲུག་ཅུའི་རང་སྒྲ་ལྷང་ངེར་སྒྲོག་པའི་ཉམས་དང་ལྡན་པ།  ཐུགས་ཟག་མེད་བདེ་བར་ཆེན་པོའི་ཆོས་ཀྱི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ཏིང་ངེ་འཛིན་གྱི་ངང་དུ་ལྷན་ནེར་བཞུགས་པའི་ཉམས་དང་ལྡན་པ།   སྐུ་ལ་བགོས་པའི་ཆོས་གོས་དང་དར་དཔྱངས་སོགས་ལའང་ཁ་དོག་བཙག་དང་ངུར་སྨྲིག་སོགས་གསུངས་པ་ལྟར་མཚལ་དང་ལི་ཁྲིའི་མདངས་གསལ་ཞིང་སྲབ་འཇམ་ཡང་གསུམ་གྱི་རེག་བྱའི་ཁྱད་པར་ཏེ་ལྷའི་མཆོད་རྫས་ལས་གྲུབ་པའི་ཉམས་དང་ལྡན་པ།  སྐུ་རྒྱབ་འོད་ཀྱི་དྲྭ་བས་དཀྲིགས་པའི་ཁ་དོག་སྣ་ཚོགས་རབ་ཏུ་རྒྱས་པའི་པདྨ་རྣམས་རྒྱབ་འོད་ཀྱི་མུ་འཁྱུད་ནས་སྤྲིན་ཕུང་གཏིབ་པའི་དབུས་སུ་བཞད་པ།   སྟེང་གི་ཆར་འཇའ་སྤྲིན་གྱི་གདན་དུ་འཁོར་གྱི་དཀྱིལ་འཁོར་བཀྲམ་པ་ལྟ་བུའི་སྟོང་ཆ་ཆུང་ལ་ཕྱོགས་ཀྱི་མཚམས་རྣམས་སུ་ཡི་དམ་གྱི་ལྷ་རེར་བཞུགས་སུ་གསོལ་བ་དང་།   གཙོ་སྐུའི་འོག་ཏུ་ཕྱོགས་ཀྱི་ཆར་ཐམས་ཅད་དྲི་ཟའི་འཇིག་རྟེན་ས་ལ་འཕོས་པ་ལྟ་བུའི་རི་བྲག་མཚོ་གསུམ་གྱི་བསྟི་གནས་ཁང་བཟང་དང་ཀུན་དགའ་ར་བ་གཙུག་ལག་ཁང་དང་མཆོད་རྟེན་སོགས་སུ་སྟོན་པ་ཐུགས་རྗེ་ཅན་གྱིས་སྐུ་སྐྱེའི་ཕྲེང་བ་བརྒྱུད་མར་བཞེས་པའི་མཛད་རྣམ་ཕྱོགས་བཞིར་ཁྱབ་པར་བཀོད་ཡོད་པའི་ལྡེབས་སྐུ་དང་ཡུལ་བཀོད་སྲོག་ཆགས་སོགས་ལ་དངོས་སུ་བསྟན་བཞུགས་ཀྱི་བྱིན་རླབས་ལས་གྲུབ་པའི་སྟོན་འཁོར་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་ཉམས་དང་ལྡན་པ།   སྐྱེས་རབས་ཀྱི་ཟུར་རེ་རེས་ཀྱང་དམ་པའི་ཆོས་ཕྱིར་གཞན་དོན་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་སྐུ་ལུས་ལ་ཤའི་ཀོང་བུ་སྟོང་བྲུས་ནས་འབྲུ་མར་གྱི་སྡོང་བུ་སྐྱོན་པའི་དཀའ་ཐུབ་དང་སྙིང་སྟོབས་ཀྱིས་འབད་པས་འབུངས་པའི་རྣམ་ཐར་དང་ལོ་རྒྱུས་མཚོན་པའི་རི་མོའི་སྒྱུ་རྩལ་གྱིས་མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་ཡིན་ཀྱང་མཐོང་མ་ཐག་སྐྱོ་ཤས་དང་ངེས་འབྱུང་གི་རྒྱུད་སྐུལ་ཏེ་འཁོར་བ་ལས་བློ་ལྡོག་པའི་ཉམས་ཀྱི་བྲོ་བ་དང་ལྡན་པ།   ཐར་པ་དང་ཐམས་ཅད་མཁྱེན་པ་མཚོན་པའི་རྣམ་པར་ཐར་པའི་སྒོ་རེ་རེས་ཀྱང་དང་འདོད་ཡིད་ཆེས་སོགས་ཕྱིར་མི་ལྡོག་པའི་དད་པས་དྲང་བའི་གང་ཟག་རྣམས་ཆོས་ལ་ཉེ་བར་འཇུག་པའི་རྒྱུ་རུ་འགྲོ་བ།   མངོན་ཤེས་དང་རྫུ་འཕྲུལ་ཏིང་ངེ་འཛིན་གྱི་སྒོ་རེ་རེས་ཀྱང་

ས་གསུམ་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་ཟག་མེད་ཀྱི་ཡོན་ཏན་དང་ཡེ་ཤེས་ཀྱི་བཀོད་པའི་རྒྱན་ཕུན་སུམ་ཚོགས་པའི་དཔལ་དུ་གྱུར་པའོ།།  ལྡེབས་སྐུ་འདིའི་ཚོན་མདངས་ཀྱི་ཁྱད་པར་ནི།  ས་གཞི་སྤང་ལྗོངས་ཀྱི་མདངས་ཅུང་ལྗིད་ནོན་ཆེ་ཞིང་རི་བྲག་སྒང་གཤོང་སོགས་རང་བྱུང་ཁམས་སུ་དབྱར་དུས་ཀྱི་ཡུལ་ལྗོངས་འཇིག་རྟེན་གསར་པའི་སྲིད་པ་ཞིག་ཏུ་དབང་ཤེས་ཡུལ་ལ་འཇུག་པའི་ཡིད་བྱེད་ཀྱིས་སྣང་བས་བྲིད་པའི་ཉམས་རང་ཤུགས་སུ་ཐོན་པ།  ནམ་མཁར་གཡའ་དག་པའི་མཐིང་ནག་གི་ངོས་སུ་ཆུ་འཛིན་གྱི་འདབ་མ་ལང་ལིང་དུ་ལྷུག་པར་གྲོལ་ཞིང་དཀར་གསལ་ཉི་ཟླའི་དཀྱིལ་འཁོར་འོད་ཀྱིས་དྲྭ་བས་དཀྲིགས་པའི་ཟེར་བརྒྱ་འཕྲོ་བས་མ་རིག་མུན་པའི་འཇིག་རྟེན་དྲུང་ནས་འབྱིན་ཞིང་བསལ་བར་བྱས་པའི་ཉམས་དང་ལྡན་པ།   བར་སྣང་འབྱུང་བཞིའི་རླུང་གི་གསེད་པའི་ནམ་མཁའི་གླང་པོའི་སྟོང་པའི་དབྱིངས་སུ་འགྲོ་ལྡོག་གི་ངང་ཚུལ་དུ་ལྡིང་སྐོར་བྱས་པའི་ཉམས་ཐོན་པ།  གཞན་ཡང་ཆུ་དང་རྫིང་བུ་གཙང་པོ་སོགས་དང་།   ནགས་ཚལ་དང་ལྗོན་ཤིང་མེ་ཏོག་གི་རྒྱན་གྱིས་སྤྲས་པའི་དབུས་སུ་གསེར་གྱི་བྱ་གག་དང་ངང་པ་ཁྲུང་ཁྲུང་རྨ་བྱ་སོགས་དང་།  རི་དྭགས་ཤྭ་རྣ་དགོ་གསུམ།  སྟག་གཟིག་དམ་དྲེད་སོགས་གཅན་གཟན་གྱི་རིགས།   རྟ་དང་གླང་པོ་ཤིང་རྟ་སོགས་སྲོག་ཆགས་ཀྱི་རིགས་རྣམས་འཚེ་མེད་རྩེ་དགའི་ངང་བག་ཡངས་སུ་རྒྱུ་བའི་ཉམས་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་ཉམས་ཀྱི་ཁྱད་པར་མདོར་མཚོན་པར་ཙམ་དུ་ཟད་དོ།།

༤  མཇུག་བསྡུ་བ།

གང་དུ་ཞུས་པ་ལྟར་དཔེ་ཝར་དགོན་དུ་བཞུགས་པའི་ལྡེབས་རིས་འདི་དག་སྒྱུ་རྩལ་གྱི་ཉམས་དང་།  ཚོན་མདངས་ཀྱི་སྡེབ་སྦྱོར།  སྐུ་གཟུགས་དང་ཡུལ་བཀོད།  རྩེ་སོན་གྱི་ལག་རྩལ།  ཉམས་མེད་གཟི་བྱིན་སོགས་ཕྱོགས་གང་དུ་བལྟས་ཀྱང་ཁམས་ཁུལ་གྱི་ལྡེབས་རིས་ལས་ཆེས་ཁྱད་དུ་འཕགས་པའང་ཆེས་མཛེས་པའི་ལྡེབས་རིས་ཡིན་ཞེས་བརྗོད་ཀྱང་ངོ་མནང་མི་དགོས་པའི་མཛེས་རྩལ་དང་རིན་ཐང་གི་ཁྱད་དུ་འཕགས་ཤིང་། དགོན་པ་འདིའི་ལྡེབས་རིས་འདི་དག་ཆེད་མཁས་པ་དག་གིས་སྤྱི་ལོའི་དུས་རབས་བཅུ་བདུན་པ་ཡས་མས་སུ་བཞེངས་པའི་ལོ་རྒྱུས་ཀྱི་ར་སྤྲོད་གནང་ཡོད། སྙིགས་མའི་དུས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་པའི་རྟེན་འབྲེལ་ལ་གཟིགས་ནས་དགོན་པའི་བསྟན་བདག་མཆོག་སྤྲུལ་འཆི་མེད་རྡོ་རྗེས་ཐུགས་བསྐྱེད་དང་སྨོན་ལམ་རྣམ་པ་དག་པའི་བཀའ་དྲིན་དང་མཐུ་ཁོ་ན་ལས་བྱུང་བ་མ་གཏོགས་དྲུག་ཅུ་རེ་བདུན་བརྒྱད་ཡས་མས་སུ་སཙྪ་དང་རྡོ་འབུམ་སོགས་ཁ་ཚང་ལུས་མེད་པའི་དུས་ཀྱི་ཁུགས་སོ་ན་འདུ་ཁང་གི་ལྡེབས་རིས་ཁ་ཚང་ལུས་ཐུབ་ཡོད་པ་འདི་ལ་བརྟག་ན་བསམ་གྱིས་མི་ཁྱབ་པའི་གནས་སུ་གྱུར་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད།  མ་འོངས་པ་ཡང་བོད་ཀྱི་དགོན་སྡེ་ཁག་ལ་ལྡེབས་རིས་རྙིང་པ་ལྷག་ལུས་བྱུང་ཡོད་པ་རྣམས་ཀྱིས་ནོར་བུ་རིན་པོ་ཆེ་ཞིག་དང་རིན་ཐང་མཚུངས་པས་ལྷོད་གཡེང་མེད་པར་བསྲུང་སྐྱོབ་དང་ཉར་ཚགས་ལེགས་པོར་བྱ་རྒྱུར་ཅིས་ནས་ཀྱང་གལ་ཆེ་བ་ཡིན།  འཇིག་རྟེན་པའི་གཏམ་དུ་ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་མ་ཤེས་པར་ནོར་བུ་གཞན་ལག་ཤོར་ཚེ་འགྱོད་ཀྱང་ཕྱི་བ་ཡིན་ཞེས་པ་ལྟར་དམངས་སྲོལ་དང་ལོ་རྒྱུས་རིག་གནས་ཆོས་ལུགས་སོགས་ཀྱི་རིན་ཐང་གཞལ་དཀའ་བ་ནི་གནའ་བོའི་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁུངས་ལྟ་བུ་ལྡེབས་རིས་དང་ཞལ་ཐང་རྙིང་པ་དག་ཡིན་ཕྱིར་དེ་དག་ལ་གཅེས་སྤྲས་དང་བདག་སྐྱོང་བྱ་རྒྱུ་ནི་རང་རེ་རྣམས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་ཡིན།  དགོན་པའི་ལྡེབས་རིས་ཆ་ཚང་འོག་གི་ལྡེབས་ངོས་སུ་འདྲ་པར་བསྒྲིག་ངོས་སུ་གཟིགས་པར་མཚལ། གང་ལྟར་ཡང་ཁོ་བོས་ལྡེབས་རིས་འདིའི་རི་མོའི་རིག་གནས་དང་ལོ་རྒྱུས་སོགས་ལ་ཉམས་མྱོང་ཆེར་མེད་ཀྱང་། རང་མཐོང་གི་ང་རྒྱལ་རིང་དུ་དོར་ནས་ལྷག་བསམ་གྱི་མེ་ཏོག་སྙིང་ནས་བཞད་དེ་རང་རེའི་མི་རིགས་འདིའི་རིག་གནས་ལ་དགའ་ཞེན་ཆེ་བའི་རྐྱེན་གྱིས་རང་གི་གང་ཤེས་གང་དྲན་ཙམ་དུ་བྲིས་པ་ལགས་པས།  འདི་ལ་འགལ་འཁྲུལ་ནོངས་པའི་ཚོགས་ཅི་བགྱིས་པ་གཟུར་གནས་མཁྱེན་ལྡན་རྣམས་ཀྱིས་སྤྱན་སྔར་འཆགས་སོ།།

སླར་སྨྲས་པ།

རབ་འབྱམས་རྒྱལ་བའི་མཁྱེན་བརྩེའི་ཡེ་ཤེས་ནི། །

སྙིགས་དུས་བསྟན་འགྲོའི་མགོན་དུ་སྐུ་བཞེངས་པའི། །

རྒྱལ་བསྟན་ཡོངས་རྫོགས་བསྟན་པའི་སྲོག་ཤིང་ཆེར། །

དྲིན་ཆེན་བླ་མ་ཕྲིན་ལས་རྡོ་རྗེས་སྐྱོངས།།

རྣམ་དཀར་དགེ་ལེགས་རིན་ཆེན་འབུམ་བརྡལ་བའི། །

རྣམ་མཁྱེན་རྒྱལ་བའི་བསྟན་པ་ཕྱོགས་དུས་སུ།།

རྣམ་མང་འགྲོ་བློའི་ཁམས་དང་མཐུན་པ་ཡིས།།

རྣམ་དག་བསྟན་པ་རྒྱས་པའི་རྒྱུ་གྱུར་ཅིག།

དཔལ་ལྡན་ཚོགས་གཉིས་པདྨོ་བཀོད་པའི་ཞིང་། །

ལེགས་བྱས་བསོད་ནམས་རིན་ཆེན་རྒྱན་འགྱུར་བའི།།

ཨེ་ཝཾ་བདེ་སྟོང་རྡོ་རྗེའི་སྐུ་བཞེངས་པ།།

མཆོག་སྤྲུལ་འཆི་མེད་རྡོ་རྗེར་གསོལ་བ་འདེབས།།

ཞེས་པ་ནི་བོད་རབ་བྱུང་བཅུ་བདུན་པའི་ཤིང་བྱི་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་བཅུ་གསུམ་ཉིན་རྫོགས་པར་བྲིས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1