༄༅།།རྒྱལ་རོང་ཁོག་གི་གནས་ཆེན་བེེ་རོའི་སྒྲུབ་ཕུག

ཀོ་དོ་མཁན་པོས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ་ལས་དྲངས། སྤེལ་དུས། 02-27


དབྱར་ཟླ་བདུན་པའི་རྒྱལ་མོ་ཚ་བ་རོང་གི་རི་ཀླུང་ཐམས་ཅད་རྩི་ཤིང་སྣ་ཚོགས་ཀྱི་ལོ་འདབ་རྒྱས་ཤིང་ཁྱད་ལྡན་གྱི་དྲི་ངད་བར་སྣང་ཁམས་སུ་ཁྱབ།ཚ་སྐམ་གྱི་གདུང་བ་སེལ་བའི་སོ་མང་ཆུ་བོ་སྐད་ཅིག་ཙམ་ཡང་དལ་ལྷོད་མེད་པའི་རྒྱལ་མོ་རྔུལ་ཆུའི་རུམ་དུ་བཞུར།རྒྱ་ཆེའི་སོ་ནམ་པ་རྣམས་འབྲུ་རིགས་སྣ་ལྔ་སྐྱེས་ལེགས་བཟང་བའི་ཞིང་ཁར་ཞབས་བྲོ་འཁྲབ་ཅིང་གདོང་དམར་ངོས་ནས་འཛུམ་མདངས་ཤར།སྤྲིན་གྱི་ཡོལ་བས་མ་བསྒྲིབས་པའི་རྟ་བདུན་དབང་པོ་མཐོན་མཐིང་དབྱིངས་སུ་འོད་བརྒྱ་འཕྲོས་ནས་རྒྱལ་རོང་གི་ཡུལ་ཁམས་ཚ་བའི་མེ་ཐབ་ཏུ་གྱུར།

   རྒྱལ་མོ་ཚ་བ་རོང་ནི་བོད་ཀྱི་རོང་ཆེན་བཞི་ཡི་ཡ་གྱལ་ཡིན་པ་དང་བན་བོན་གྱི་ཆོས་ལུགས་ཧ་ཅང་དར་རྒྱས་ཆེ་བའི་ཆོས་ཁམས་ཞིག་ཀྱང་ཡིན།ལྷག་ཏུ་ལོ་ཆེན་བེེ་བོ་ཙ་ན་མཆོག་ཉིད་རྒྱལ་མོ་ཚ་བ་རོང་དུ་ཕེབས་ནས་ནང་བསྟན་གྱི་ཆོས་ལུགས་དར་སྤེལ་གཏོང་བ་དང་འགྲོ་དོན་མཛད་ནས་བཟུང་།རྒྱལ་རོང་གི་ཡུལ་ཁམས་ཐམས་ཅད་ཆོས་ཀྱི་ཞིང་ཁམས་སུ་གྱུར།ཡུལ་མི་རྣམས་དགེ་སྒྲུབ་སྡིག་སྤང་གི་དམ་པའི་ལམ་མཆོག་ཏུ་ལམ་སྣ་དྲངས།སྔོན་གྱི་ལོ་རྒྱུས་དང་དེབ་ཐེར།དམངས་ཁྲོད་ཀྱི་ངག་རྒྱུན་ལྟར་ན།རྒྱལ་རོང་ཁོག་ཏུ་ལོ་ཆེན་བེེ་རོ་ཙ་ནའི་སྒྲུབ་ཕུག་བརྒྱ་རྩ་བརྒྱད་ཡོད་པ་དང་གྲུབ་རྟགས་མང་བོ་མཇལ་རྒྱུ་ཡོད། སྐལ་བ་ལྡན་པ་ཞིག་ལ།ཟླ༧པའི་ཚེས༡༥གཟའ་སྤེན་པའི་ཉིན།སྨྱུག་འཛིན་པ་རང་ཉིད་དགེ་བའི་བཤེས་གཉེན་ཆེན་པོ་རྡོ་རྗེ་དགྲ་འདུལ་དང་ཁོང་གི་གྲྭ་པ་རིག་དཔལ་སོགས་དང་ལྷན་དུ་བེེ་རོ་ཙ་ནའི་སྒྲུབ་ཕུག་བརྒྱ་རྩ་བརྒྱད་ཀྱི་ཡ་གྱལ་བྲག་བར་བེེ་རོའི་རྡོ་གུར་སྒྲུབ་ཕུག་དང་བེེ་རོའི་མཉམ་ཁིས་སྒྲུབ་ཕུག་གཉིས་མཇལ་རྒྱུའི་གོ་སྐབས་ལྡན་སོང་།

 བྲག་བར་བེེ་རོའི་རྡོ་གུར་སྒྲུབ་ཕུག

     བྲག་བར་བེེ་རོའི་རྡོ་གུར་སྒྲུབ་ཕུག་ནི་འབར་ཁམས་རྫོང་མཁར་ནས་སོང་ན་སྤྱི་ལེ༤༠ལྷག་ཡོད།འབར་ཁམས་རྫོང་བྲག་བར་ཡུལ་ཚོའི་ཡུན་འགྲོགས་ཞེས་པའི་གྲོང་སྡེ་དེར་གནས་ཡོད།ང་ཚོ་ཚེས༡༥ཉིན་གྱི་སྔ་མོ་དུས་ཚོད་༨ཐོག ཁ་ལོ་བའི་མིང་ལ་སངས་རྒྱས་འབུམ་ཞེས་པའི་རྒྱལ་རོང་རྒན་པོ་ལོ་ན༦༠ལོན་པའི་རླངས་འཁོར་ཆུང་བ་ཞིག་གླས་ནས་བྲག་བར་ཕྱོགས་སུ་སོང་།དུས་ཚོད་གཅིག་ཙམ་འགོར་རྗེས།ང་ཚོ་ཧུང་ཆི་ཟམ་ཆེན་དུ་སླེབས།ཟམ་པའི་གཡས་གཡོན་དུ་ཟ་ཁང་ཆུང་བ་དང་ཚོང་ཁང་ཆུང་བ་འགའ་དང་མི་ཡང་མང་པོ་ཡོད།ང་ཚོས་མི་ཁ་ཤས་བཙལ་ནས་བེེ་རོའི་རྡོ་གུར་སྒྲུབ་ཕུག་གང་དུ་ཡོད་པ་དྲིས་ཚེས།ལོ་ན་བཞི་བཅུ་ཡན་མན་ལོན་པའི་རྒྱལ་རོང་སྐྱེས་པ་ཞིག་གིས་ང་ཚོ་ལ།ཟམ་ཆེན་གྱི་གཡོན་ཕྱོགས་སུ་སྤྱི་ལེ་གཅིག་ཕྱེད་སོང་མཚམས་རྡོ་གུར་སྒྲུབ་ཕུག་དེར་མཇལ་རྒྱུ་ཡོད་པ་ལམ་སྟོན་བྱས།ང་ཚོ་དེ་བཞིན་དེ་ཕྱོགས་སུ་སོང་མཐར་རི་རྩ་ན་དར་ཁྲ་མང་པོ་འཐེན་ཡོད་པ་མིག་ལམ་དུ་ཤར་བྱུང་།སྒྲུབ་ཕུག་ཡོད་ས་དེ་ལ་ཡུན་འགྲོགས་གྲོང་སྡེ་ཟེར།སྒྲུབ་ཕུག་གི་མདུན་ཕྱོགས་དང་མཐའ་འཁོར་ནང་ཞིང་ཁྱིམ་བཞི་ལྔ་ཙམ་གནས་ཡོད་པ་དང་མ་རྨོས་ལོ་ཏོག་སོགས་འབྲུ་རིགས་མང་པོ་སྐྱེ་ས་འདུག ཁྱད་འཕགས་ཀྱི་གནས་ཡུལ་ཞིག་ཡིན་པ་རང་མོས་ཀྱི་ངང་ནས་སེམས་ངོས་སུ་འཆར་བྱུང་། རྡོ་གུར་སྒྲུབ་ཕུག་གི་ཕྱི་དབྱིབས་ནི་རྒྱང་རིང་ནས་ལྟས་ན་སོག་པོའི་གུར་དང་འདྲ་བ་སུས་བལྟས་ན་ནོར་འཁྲུལ་ཡོད་པ་དཀའ།སྒྲུབ་ཕུག་ནི་བྲག་བར་གྱི་ཁྱད་ཆོས་ལྡན་པའི་རྡོ་རིགས་དེ་རེད།སྒྲུབ་ཕུག་ནང་གི་རྒྱ་ཁྱོན་ནི་མི༥༠ལྷག་འདུག སྒྲུབ་ཕུག་གི་ནང་དུ་དཀར་ཆ་དེ་འདྲ་དགའ་འོས་པ་ཞིག་མི་འདུག་ཀྱང་སྒོམ་སྒྲུབ་པ་ཞིག་ཡིན་ནས་བཟུང་གནས་དེ་ལས་བཟང་བ་གཞན་ལོན་པ་དཀའ།ཡུལ་མི་ཚོས་ངོ་སྤྲོད་བྱས་པ་ལྟར་ན།ལོ་ཆེན་བེེ་རོ་ནའི་རྡོ་ཆིབས་རྟ་རང་བྱུང་དང་དབུ་ཞྭ་རང་བྱུང་སོགས་འཇལ་རྒྱུ་མང་བོ་ཡོད།ཡུལ་མི་ཚོས་བཤད་སྲོལ་ལ།སྒྲུབ་ཕུག་དེར་སྔོན་གྲོང་སྡེའི་ར་ལུག་བསྡུ་སའི་ཁང་བ་བྱས་མྱངས།ལོ་ཁ་ཤས་ཀྱི་སྔོན་ནས་སྒྲུབ་ཕུག་གཙང་སྦྲ་བྱས་ཤིང་ས་ལ་ཨར་འདམ་བླུག་ཡོད།དེང་སང་གྲོང་མི་ཚོས་མཆོད་གནས་སུ་གྱུར་ནས་བདག་གཉེར་དམ་པོ་བྱས་ཡོད་པ་མཐོང་ཐུབ།

      བེེ་རོའི་མཉམ་ཁིས་སྒྲུབ་ཕུག   ་ཚོ་བེེ་རོའི་རྡོ་གུར་སྒྲུབ་ཕུག་མཇལ་ཚར་ནས་བེེ་རོའི་མཉམ་ཁིས་སྒྲུབ་ཕུག་མཇལ་བར་སོང་།བེེ་རོའི་མཉམ་ཁིས་སྒྲུབ་ཕུག་ནི་འབར་ཁམས་རྫོང་ཐོག་ནས་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་འགྲོ་བའི་ལམ་ཕྱོགས་སུ་སྤྱི་ལེ༦༠ལྷག་སོང་མཚམས་ན།མཉམ་ཁིས་གྲོང་སྡེ་ཟེར་བའི་གྲོང་སྡེ་ཞིག་ཡོད།གྲོང་སྡེ་དེར་ཁྱིམ་ཚང༣༠ལྷག་དང་སྡེ་མི༢༠༠ལྷག་ཡོད།ད་དུང་གྲྭ་པ༣༠ལྷག་ཡོད་པའི་མཉམ་ཁིས་དགོན་པ་ཟེར་བ་ཞིག་དེ་ལ་ཆགས་ཡོད། བེེ་རོའི་མཉམ་ཁིས་སྒྲུབ་ཕུག་ནི་ཐུགས་ཆེན་འགྲོ་ལམ་གྱི་གཡས་ཕྱོགས་ཀྱི་རི་ངོས་ན་ཡོད།ལམ་ཁ་ནས་དུས་ཚོད་སྐར་མ༢༠ཡན་མན་དུ་སོང་རྗེས།སྒྲུབ་ཕུག་གི་མདུན་དངོས་སུ་སླེབས།སྒྲུབ་ཕུག་མཇལ་བའི་ལམ་ཁར་གསེར་འཁོར་དང་དུང་འཁོར་མང་པོ་སྐོར་རྒྱུ་ཡོད་པ་དང་རྒན་རྒོན་སྐོར་ར་བྱེད་མཁན་ཡང་མང་པོ་ཡོད།

 སྒྲུབ་ཕུག་ཏུ་མཉམ་ཁིས་དགོན་པའི་དགུང་ལོ༦༠ལོན་པའི་གྲྭ་པ་བསྟན་པ་རབ་གསལ་ཟེར་བའི་ཞིག་གིས་ལྷ་གཉེར་བྱས་ཡོད།ང་ཚོ་སྒྲུབ་ཕུག་ཏུ་སླེབས་མ་ཐག ལྷ་གཉེར་བསྟན་པ་རབ་གསལ་ལྷ་ཁང་གི་སྒོ་ཕྱིར་བུད་དེ་ང་ཚོ་ལ་སྒྲུབ་ཕུག་གི་གནས་བཤད་མཛད་རྒྱུ་སྐུལ་མེད་རང་མོས་ཀྱི་སྒོ་ནས་འགན་འཁུར།སྒྲུབ་ཕུག་གི་དཀྱིལ་ན་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་མ་བཀྲོངས་ནས་བཤགས་པའི་ཆེད་དུ་ཉིན་གཅིག་གི་རིང་དུ་རྗུ་འཕྲུལ་གྱི་ངང་ནས་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས་པའི་ཆེས་མཇུག་མ་དང་མཆོད་རྟེན་འདི་ཉིད་སྤྱི་ཚོགས་ཆག་འཇིག་བྱུང་སྐབས་སུ་གནོད་སྐྱོན་ཅིག་ཡང་བྱུང་མ་མྱོང་བ་ལྷ་གཉེར་བསྟན་པ་རབ་གསལ་གྱིས་གནས་བཤད་མཛད།སྒྲུབ་ཕུག་ཏུ་ལོ་ཆེན་བེེ་རོ་ཙ་ནའི་སྐུ་རྗེས་དང་ཕྱག་རྗེས།གཡུ་སྒྲ་སྙིང་པོའི་སྐུ་རྗེས།སློབ་དཔོན་པད་མ་འབྱུང་གནས་ཀྱི་བྲག་སྐུ་རང་བྱོན་སོགས་མཇལ་རྒྱུ་ཡོད་པར་མ་ཟད།ལྷ་གཉེར་བསྟན་པ་རབ་གསལ་གྱིས་ང་ཚོ་ཁྲིད་ནས།སྒྲུབ་ཕུག་གི་མདུན་ལྗོངས་སུ་ཨ་ཡིག་རང་བྱོན་དང་མཆོད་རྟེན་རང་བྱོན།བེེ་རོ་ཙ་ནའི་ལྷ་མཚོ་སོགས་ཡོད་པ་རེ་རེ་བཞིན་དུ་མཚམས་སྦྱོར་ཞིབ་མོ་གནང་ངོ་།།

མཆོད་གནས་འདི་གཉིས་མཇལ་ཚར་རྗེས་ང་ཚོ་འབར་ཁམས་ཕྱོགས་སུ་རང་ཡུལ་དུ་ལོག སྐལ་ལྡན་གྱི་སྐྱེས་བུ་དང་ལས་དབང་སྨིན་པའི་སྐྱེ་འགྲོ་རྣམས་དུས་སྐབས་རེ་འཛོམས་ནས་མཇལ་སྐོར་རེ་སོང་དང་།འདི་ཕྱི་ཚང་མ་ཕན་པའི་ལས་དེ་ན་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1