༄༅། །བོད་ཀྱི་མཚན་ཉིད་ལོ་རྒྱུས་ནང་གི་མུ་ཏིག

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།མཚོ་སྔོན་པོའི་དྲ་བ་ལས་དྲངས། སྤེལ་དུས། 04-07


‍‍

སྐྱིད་ཆུའི་ལྷོ་ཕྱོགས་ཀྱི་ལུང་པའི་ཕུ་ན་ཞིག་རལ་དུ་གྱུར་པའི་ཁང་ཤུལ་གང་སར་མཐོང་བའི་དགོན་ཆུང་ཞིག་ཡོད་ཅིང་། དགོན་ཆུང་དེ་ལ་གསང་ཕུ་ནེའུ་ཐོག་དགོན་ཞེས་ཞུ། ལོ་རྒྱུས་ཆར་རླུང་གིས་བསེད་བསེད་པའི་ད་ལྟའི་གསང་ཕུ་དགོན་པ་དེ་བོད་ཀྱི་མཚན་ཉིད་སློབ་གླིང་ཀུན་གྱི་མ་ཡུམ་ལྟ་བུ་ཡིན་པ་དང་། དེ་རུ་ཤེས་རབ་ཀྱི་མདོག་དང་དབྱིབས་མི་འདྲ་བའི་མཁས་པའི་ལྗོན་བཟང་བར་མ་ཆད་པར་བྱུང་མྱོང་ངོ་ཟེར་ན་མི་རྣམས་ཀྱིས་ཡིད་ཆེས་དཀའ།

སྤྱིར་བཏང་གི་བོད་མི་ཚོ་ཉི་མ་ལྷ་ས་ལ་འགྲོ་དུས་གསང་ཕུ་ནེའུ་ཐོག་དགོན་པ་མཇལ་མཁན་ཉུང་ཞིང་། ཐ་ན་མང་པོ་ཞིག་གིས་གསང་ཕུ་ན་དེ་ལྟ་བུའི་ཆོས་སྡེ་ཞིག་ཡོད་པ་ཙམ་ཡང་ཤེས་མེད། འོན་ཀྱང་བོད་ཀྱི་མཚན་ཉིད་རིག་པའི་གཙང་པོ་དང་ཆུ་ཕྲན་དག་གི་ཕུགས་དེད་ཚེ་གསང་ཕུ་དགོན་པ་ནི་ཆུ་བོ་བརྒྱ་ཡི་མགོ་ཁུངས་སུ་གྱུར་པའི་གངས་རི་ཆེན་པོ་ཞིག་དང་གཉིས་སུ་མ་མཆིས། གླེགས་བམ་རྙིང་པ་དག་གི་ཉིན་སྲིབ་ནས་མི་ཚེའི་ཉིན་ཕྱེད་ཡོལ་བའི་ཁོ་བོ་ནི། ད་ལྟ་རྒྱུས་མེད་ཀྱི་གསང་ཕུ་ནེའུ་ཐོག་དགོན་པ་དེ་རྒྱུས་ཡོད་ཀྱི་གྲོང་ལྟག་གི་དགོན་ཆུང་ཁྲ་རིལ་བ་དག་ལས་རིམ་གྱིས་རྩིས་ཆེ་བར་གྱུར་ཅིང་། ཆོས་སྡེ་དེའི་པར་རིས་ཙམ་མཐོང་བས་ཀྱང་ཡིད་ལ་དགའ་སྐྱོ་ཡི་སྤྲིན་པ་འཁྲིགས་ཡོང་། དགོན་པ་འདི་ཁམས་ཀྱི་ཇོ་བོ་སེ་བཙུན་མདུན་ནས་སློབ་གཉེར་བྱས་ཏེ་དབུས་སུ་ཕེབས་པའི་རྔོག་ལེགས་པའི་ཤེས་རབ་ཀྱིས་སྤྱི་ལོ༡༠༧༣ལོར་ཕྱག་བཏབ་པ་ཡིན་མོད། འོན་ཀྱང་གསང་ཕུ་ལ་མཛེས་སྡུག་གི་ཅོད་པན་འདོགས་མཁན་ནི་རྔོག་ལེགས་ཤེས་ཀྱི་ཚ་བོ་ཞིག་ནས་མགོ་ཚུགས། དེ་ཡང་ས་ཕག་གི(༡༠༥༩)ལོར་ཡར་འབྲོག་གི་ས་ཆ་ཞིག་ཏུ་སྤྱིར་བཏང་གི་བྱིས་པ་ཞིག་བཙས་ཏེ། ཕྱིས་རབ་ཏུ་བྱུང་བའི་མཚན་ལ་བློ་ལྡན་ཤེས་རབ་ཅེས་བཏགས། མི་རྣམས་ཀྱིས་བློ་ལྡན་དང་ཤེས་རབ་ཅེས་ཟློས་ཏེ་བཏགས་པ་ལ་དགོས་པ་མི་འདུག་ཟེར། འོན་ཀྱང་ཁོང་ནི་ཤེས་རབ་ཕུལ་དུ་བྱུང་བའི་སྐྱེས་བུ་ཞིག་ཡིན་ཏེ། བཤད་ཚོད་ལ«འགྲེལ་བ་དོན་གསལ»ཞེས་པའི་ཤེར་ཕྱིན་གྱི་བསྟན་བཅོས་དེའང་ཉིན་གཅིག་ལ་བློར་འཛིན་བྱས་ཡོད་སྐད།

གོས་ཧྲུལ་ལ་དྲེས་པའི་སྐེད་རགས་བཅིངས་ཤིང་ཆུ་འཐགས་པ་ལ་ཡོས་བསླངས་ཏེ་འཚོ་བའི་བྱིས་པ་དབུལ་ཕོངས་དེ་ནི་གསང་ཕུའི་ལོ་རྒྱུས་ཀྱི་ཕྲེང་བའི་ནང་གི་མུ་ཏིག་རྡོག་གཅིག་ཡིན་པ་མ་ཟད། བོད་ཀྱི་མཚན་ཉིད་ཀྱི་ལོ་རྒྱུས་སུ་ཡང་དྲི་བསུང་ཆེམ་ཆེམ་དུ་འཕྲོ་བའི་མེ་ཏོག་གཅིག་ཡིན། སྤྱི་ལོ༡༠༧༦ལོར་སྟོད་མངའ་རིས་ཀྱི་ཐོ་གླིང་དུ་ཁ་ཆེའི་མཁས་པ་ཛྙ་ན་ཤྲཱི་ལ་སོགས་པ་དང་བོད་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་རྣམས་མཉམ་དུ་འདུས་པའི་ཆོས་འཁོར་ཞིག་གི་ལོ་ཡང་རྒྱས་ཤིང་། ཆོས་འཁོར་དེར་ཕྱིས་སུ་མེ་ཕོ་འབྲུག་གི་ཆོས་འཁོར་ཞེས་འབོད། ཆོས་འཁོར་དེ་རུ་བློ་ལྡན་ཤེས་རབ་ཀྱང་སླེབས་ཡོད། འོན་ཀྱང་བློ་ལྡན་ཤེས་རབ་ནི་སྐབས་དེར་དགུང་ལོ་བཅུ་བདུན་གྱི་ཐེམ་སྐས་ལ་འཛེགས་མ་ཐག་པའི་གྲྭ་ཆུང་ཞིག་དང་། དགུང་སྔོན་རླབས་ཀྱིས་བསྐྱོད་པར་འདོད་པའི་བྱེའུ་ཆུང་ཞིག་སྟེ། ད་དུང་ཤེས་རབ་ཀྱི་འདབ་གཤོག་རྫོགས་ཤིང་རིག་གཞུང་གི་མཁའ་དབྱིངས་ན་ལྡིང་སྐོར་བྱེད་པའི་ཐང་དཀར་རྒོད་པོ་ཞིག་ཏུ་གྱུར་མེད། འོན་ཀྱང་ཁོང་གི་ནང་སེམས་ཀྱི་འཇིག་རྟེན་དུ་རྨི་ལམ་སྣ་ཚོགས་ཀྱི་ལྟད་མོས་ཁེངས་ཡོད་ཅིང་རྨི་ལམ་དེ་དག་གིས་ཁོང་གི་མ་འོངས་པ་གཏན་ཁེལ་བྱས་ཟིན།

ལོ་དེར་ཁོང་ཁ་ཆེ་རུ་ཕེབས་རྒྱུ་ཐག་བཅད་ཅིང་། མངའ་བདག་རྩེ་ལྡེ་སོགས་ཀྱིས་བོད་དུ་སློབ་སྦྱོང་བྱེད་དགོས་པའི་བཤོལ་བཏབ་ཀྱང་ཉི་ཟླ་ལྟ་བུའི་ཕུགས་བསམ་གྱི་ཁ་ཕྱོགས་བསྒྱུར་བ་མ་ནུས་པར་མཐར་ལམ་གྱི་འགྲོ་གྲོན་དང་སློབ་སྦྱོང་གི་ཡོན་གྱི་གསེར་རྣམས་མངའ་བདག་རྩེ་ལྡེ་ཡིས་སྤྲད་རྒྱུ་ཞལ་བཞེས་ཐོབ། དེ་ལྟར་བློ་ལྡན་ཤེས་རབ་ཅེས་པའི་གཞོན་ནུ་དེས་འདྲིས་པའི་ཕ་ཡུལ་བསྐྱུར། བརྩེ་བའི་ཁུ་བོ་བོར། འཁྲེང་ཞེན་གྱི་མིག་ཆུ་ཁོང་དུ་མིད་དེ་ལ་དང་ལུང་པ་བརྒལ་ནས་རིམ་གྱིས་ཁ་ཆེའི་ཡུལ་དུ་བདེ་བླག་ཏུ་བརྟོལ། ཁ་ཆེའི་མཁས་པ་དག་གི་མདུན་ནས་མི་ལོ་བཅུ་བདུན་གྱི་རིང་ཉིན་མཚན་མགོ་སྦྲེལ་གྱིས་སློབ་སྦྱོང་མཛད་ཅིང་། ལོ་རྒྱུས་འགར།  པཎྜི་ཏ་འབུམ་ཕྲག་གསུམ་པ་ལ་ཆོས་གསན་དུས་རྒྱ་ཚད་བསྙུང་བས་ཆོས་རར་སྐུ་སྨད་ཤོང་བའི་དོང་བྲུས་པར་བཞུགས་ཏེ་གསན་ཞེས་འཁོད། འོན་ཀྱང་ཕུགས་བསམ་གྱི་ཆེད་དུ་བཞུར་བའི་རྔུལ་ཆུ་ནི་སྡུག་བསྔལ་གྱི་དགུན་གཞུང་དེ་མིན་པར་དེ་ལས་ལྡོག་སྟེ་མི་ཚེའི་སྤྲོ་སྣང་གི་དཔྱིད་དུས་དེ་ཡིན། ལོ་ངོ་བཅུ་བདུན་གྱི་རིང་ལ་བློ་ལྡན་ཤེས་རབ་ཀྱིས་དཀའ་བ་ཇི་ལྟར་སྤྱད་པ། དགའ་སྡུག་ཇི་ལྟར་བྱུང་བ་དག་ཞིབ་མོར་ཁ་བརྡ་བྱས་ན་དཔྱིད་ཉི་རིང་པོས་མི་ལྡེང་པ་ཞིག་ཡོད་པ་ཐེ་མི་ཚོམ་ཡང་། དེ་དག་ནི་ང་ཚོ་དང་དུས་ཀྱི་བསྐལ་བས་ཆོད་ཟིན་པས་ད་ནི་ཤེས་ཐབས་བྲལ། བཤད་སྲོལ་ལ།  ཉིན་གཅིག་ཌོམྦི་ཧེ་རུ་ཀ་བྱོན་ཏེ་ངའི་སྟག་འཕོངས་ལ་ཞོན་མཁའ་སྤྱོད་ལ་འཁྲིད་གསུངས་པ་ན་བློ་ལྡན་ཤེས་རབ་ཀྱིས་བོད་ལ་གཟིགས་ནས་སྤྲིན་ནག་ལིང་བ་ཕ་གིའི་འོག་བསྟན་པ་ཉི་མ་ཤར་བ་ལྟ་བུ་ཞིག་མ་བྱས་པར་མི་འགྲོ”གསུངས་སྐད། དེ་ནི་ཁོང་གི་ཡིད་ཀྱི་མཆོད་སྒྲོམ་ན་བཤམས་པའི་ཕུགས་བསམ་གྱི་སྒྲོན་མེ་དེ་ཡིན་པ་དང་། སྒྲོན་མེ་དེ་ཡིས་ཕྱིས་སུ་སྤྲིན་ནག་ལིང་ངེ་བ་འོག་གི་བོད་ཡུལ་དུ་ཉི་མ་ཤར་བ་མ་ཟད། ཉི་འོད་དེ་རིམ་གྱིས་འཛམ་གླིང་གི་ས་ཕྱོགས་མང་པོ་ཞིག་ལ་ཡང་མཆེད་ཡོད།

ཆུ་སྤྲེལ(༡༠༩༢)ལོར་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཕྱི་ཡུལ་དུ་སློབ་སྦྱོང་ཟིན་ནས་ཕུགས་འདུན་གྱི་ཆེད་དུ་ཤེས་རབ་ཀྱི་ཕུང་པོ་རུམ་གང་བསྣམས་ཏེ་སྤྲིན་པ་ནག་ལིང་ངེ་བ་འོག་གི་བོད་ཡུལ་དུ་ཚུར་ཕེབས། ཇི་སྐད་དུ།  རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང༌། །འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། །སྟོང་ཕྲག་གསུམ་ནི་ལྷག་བཅས་བསྒྱུར། ། ཞེས་པ་ལྟར་ཉིན་མཚན་མགོ་སྦྲེལ་གྱིས་གསུང་རབ་དུ་མ་ཞིག་ཁ་བ་ཅན་གྱི་སྐད་དུ་བསྒྱུར་ཞིང་། བོད་ཀྱི་ལོ་ཙཱའི་ལོ་རྒྱུས་ཐོག་གི་སྐར་ཆེན་ཞིག་ཏུ་གྱུར། འོན་ཀྱང་ཁོང་གིས།  བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་གཅིག་ལ། །རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཏེ། །ཁོ་བོ་དེའི་དྲུང་སྲིན་འབུ་མེ་ཁྱེར་ཙམ། ། ཞེས་སྔོན་གྱི་ལོ་ཙཱ་དག་དང་བསྡུར་ན་ཁོ་བོ་ནི་རང་ལུས་ལ་འོད་སྣང་ཕྲན་བུ་ཐོགས་པའི་སྲིན་འབུ་མེ་ཁྱེར་ཞིག་ལས་ཅི་ཡང་མིན་ཞེས་ཁེངས་སྐྱུང་པར་མཛད། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་གསང་མདའ་ཤ་བ་རྩར་བྲག་རིའི་བར་དུ་ཆོས་གསུང་དུས་ཚངས་པའི་གསུང་མངའ་བས་གསུང་ལ་ཉེ་རིང་མེད་ཀྱང་ཞལ་ལྟ་བའི་ཕྱིར་མི་རེའི་ཤུལ་ལ་གསེར་སྲང་ཕྱེད་མའི་ཉོ་ཚོང་བྱེད་སྐད། ཕྱིས་སྐུ་དར་ཡོལ་གྱིས་བསྐོར་བའི་ནང་ནས་ཞལ་བྲག་ལ་གཏད་ནས་གསུང་ཚེ་ཆུ་ཕར་ཁ་ཐམས་ཅད་ནས་ཉན། མཇུག་ཏུ་ལེགས་པར་གསུངས་སོ་ཞེས་ཀ་ཝ་ལི་ཁ་བཏབ་པའི་སྐད་ཀྱིས་རིའི་ཕྱུགས་ཁྱུ་འདྲོགས་སྐད། ལོ་རྒྱུས་ཀྱི་གླེགས་བམ་ནང་དུ་འཁོད་པའི་སྐད་ཆ་དེ་དག་ལས་ཁོ་བོ་ཡང་བདག་ཉིད་ཆེན་པོ་བློ་ལྡན་ཤེས་རབ་ཀྱི་ཆོས་ར་ན་ཡོད་ཡོད་ལྟ་བུའི་སྣང་བ་འཆར་ཞིང་། དེང་རབས་འཕྲུལ་ཆས་ཀྱིས་དབེན་པའི་གནའ་བོའི་ཆུ་འགྲམ་གྱི་ཆོས་ར་དེར་ཅི་འདྲའི་ལྷིང་འཇགས་ཤིག་དང་། དེ་བས་ཀྱང་ཆོས་ར་དེ་རུ་འཁོད་པའི་བོད་མི་དག་གི་ནང་སེམས་ནི་ཅི་འདྲ་བག་ཕེབས་ཤིག་ཡིན་ཨང་སྙམ། དེ་ལྟར་བཀའ་བསྟན་འགྱུར་ཐམས་ཅད་ཐུགས་ལ་མངའ་ཞིང་། སངས་རྒྱས་ཀྱི་འཁོར་འདུས་པ་ཆུང་ངུ་ཙམ་རྟག་དུ་འདུ་བའི་ལོ་ཙཱ་བ་ཆེན་པོ་དེ་མི་ལོ་བཅུ་བདུན་ལ་གསང་ཕུ་དགོན་སོགས་སུ་གཞུང་སྒྱུར་བ། རྩོམ་པ། འཆད་པ། རྩོད་པ་སོགས་ཀྱི་བྱ་བས་དུས་འདའ་བར་མཛད་དེ། མཐར་ས་མོ་གླང་གི(༡༡༠༩)ལོར།  འདི་ལ་འཛེགས་ནས་རྒྱ་མཚོའི་ཕ་རོལ་ཏུ། །འགྲོའོ་སྙམ་ནས་རྒྱ་མཚོར་འཇུག་པ་གང་ཡིན་པ། །ལྦུ་བ་རྡོས་འདྲ་རབ་ཏུ་འཇིག་པའི་ལུས་འདི་ནི། །རི་མཆོག་འདྲ་བའི་རང་བཞིན་འདིས་ནི་གཏན་ནས་བསླུས། །ཁྱེད་ཀྱང་སྡེ་སྣོད་ཆོས་ལ་སྦྱོངས་ཤིག་རིག་པ་ཡི། །ཆོས་ཉིད་མཐོང་བས་ཚད་མའི་ངེས་ཤེས་སྐྱེ་བར་འགྱུར། ། ཞེས་བདུད་རྩི་ལྟ་བུའི་གསུང་གི་ཐ་མ་དེ་སློབ་བུའི་ཐུ་བོ་ཞང་དང་གྲོ་ལུང་པ་ལ་གསུངས་ཏེ་མ་རིའི་རྩར་སྐུ་ཚེའི་མེ་ཏོག་མཛེས་སྡུག་དང་བཅས་ཏེ་ཟུམ་པར་གྱུར། སྐབས་དེར་བདག་ཉིད་ཆེན་པོ་ཁོང་ཉིད་དགུང་ལོ་ང་གཅིག་གི་ཐེམ་སྐས་ལ་གཞི་ནས་སླེབས་ཡོད། ལོ་རྒྱུས་སྟེང་གཞན་དོན་དུ་སྐུ་ལུས་བུད་ཤིང་བཞིན་སྤར་བའི་དམ་པ་དག་སྐུ་ཚེ་ཐུང་ངུ་ལས་བཞུགས་མེད་པ་མང་ལ། དེ་ནི་ཉིན་མཚན་ལྟོས་མེད་ཀྱིས་སྐུ་ངལ་བསྐྱོན་པ་དང་འབྲེལ་བ་ཡོད་སྲིད། འོན་ཀྱང་དེས་ནི་སོ་ཁུ་ར་ཐེ་ཡིས།  འཇིག་རྟེན་འདིའི་སྟེང་མིའི་རིགས་གཉིས་ཡོད། གཅིག་ནི་སྤྲོ་སྣང་ཅན་གྱི་ཕག་དང་། ཅིག་ཤོས་ནི་སྡུག་བསྔལ་ཅན་གྱི་མིའོ། །སྡུག་བསྔལ་ཅན་གྱི་མི་ཞིག་བྱ་བ་ལས་སྤྲོ་སྣང་ཅན་གྱི་ཕག་ཅིག་མི་བྱའོ། ། ཞེས་པ་ལྟར་ཁོང་ཅག་ནི་སྡུག་བསྔལ་ཅན་གྱི་མི་ཡིན་པ་ལས་སྤྲོ་སྣང་ཅན་གྱི་ཕག་མིན་པ་དེ་མཚོན་ཐུབ། ལོ་ཙཱ་བ་ཆེན་པོ་བློ་ལྡན་ཤེས་རབ་བོད་དུ་ཚུར་འབྱོར་ནས་བསྟན་པའི་བྱ་བ་ལོ་བཅུ་བདུན་ཙམ་ལས་མཛད་མེད་ལ། ལོ་བཅུ་བདུན་ནི་མི་ཞིག་གི་མི་ཚེའི་ཕྲེང་བའི་ནང་གི་ཕྲེང་རྡོག་འགའ་ལས་མིན་མོད། འོན་ཀྱང་མི་ཚེའི་རིན་ཐང་ནི་དུས་ཀྱི་རིང་ཐུང་ལ་འབྲེལ་བ་ཅི་ཡང་མེད་པ་འདྲ། དེ་ལྟར་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་རང་གི་སྐུ་ཚེ་དེ་ཁ་བ་ཅན་གྱི་རིག་གཞུང་གི་དགའ་ཚལ་ཆེན་པོ་ནམ་ནམ་ཞར་ཞར་བསྐྱེད་ཅིང་མི་ནུབ་པའི་ཆེད་དུ་བསྔོས་པར་མཛད།

མ་གཞི་ནས་བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་གླེགས་བམ་ནི་སྟེང་ན་གདུགས་དང་འོག་ན་འབོལ་ཡོད་པའི་བླ་ཆེན་རྟ་དྲེལ་དྲིལ་བུ་སིལ་ལེ་ཡོད་པ་དེ་དག་གི་སྟོབས་འབྱོར་དབང་ཐང་གིས་བསྐྲུན་པ་མིན་པར། ལོ་ཙཱ་བ་བློ་ལྡན་ཤེས་རབ་ལྟ་བུ་ལྟོ་སྐྱ་གོས་ཧྲུལ་གྱིས་རིག་གནས་ཀྱི་ས་བོན་བཏབ། མེ་ཏོག་སྐྱོང་། འབྲས་བུ་སྨིན་བཅུག་པའི་ལོ་ཙཱ་བ་དང་མཁས་པ་དབུལ་པོ་དག་གི་སྐུ་ཚེ་ཕུལ་ནས་བསྐྲུན་པ་ཡིན།

བློ་ལྡན་ཤེས་རབ་ཅེས་པའི་བདག་ཉིད་ཆེན་པོ་དེ་འཇིག་རྟེན་འདི་ནས་ཞི་བར་གཤེགས་ཀྱང་ཁོང་གིས་སྤར་བའི་འཆད་ཉན་གྱི་སྒྲོན་མེ་དེ་གསང་ཕུ་ནེའུ་ཐོག་གི་ཆོས་ར་ན་འོད་ཟེར་ཕྱོགས་བཞིར་འཕྲོ་བཞིན་ཡོད་ཅིང་། མར་མེ་གཅིག་ལས་གཉིས་མཆེད་ཀྱིས་ཤེས་རབ་ཀྱི་སྒྲོན་མེ་སྟོང་ཕྲག་མང་པོ་འབར་བར་གྱུར་ཏེ། ཇི་སྐད་དུ།  རྒྱན་དང་ཆོས་མཆོག་ལྔ་བཅུ་ལྔ། །རྣམ་ངེས་ཉིས་བརྒྱ་ལྔ་བཅུ་ལྔ། །ལུང་ཆོས་སྨྲ་བ་སྟོང་དང་ནི། །ལྔ་བརྒྱ་བདུན་བཅུ་རྩ་ལྔ་ཡོད། ། ཅེས་པ་ལྟར་གསང་ཕུ་ནེའུ་ཐོག་ནི་བོད་ཀྱི་མཚན་ཉིད་ཀློག་པ་པོ་ཀུན་གྱི་ཆུ་མགོའི་གངས་རི་ལྟ་བུར་གྱུར།

བདག་ཉིད་ཆེན་པོ་བློ་ལྡན་ཤེས་རབ་ལ་ཡང་སྤྲུལ་དུ་བསྙད་པའི་གསེར་ཁྲི་རྒྱུན་འཛིན་བྱེད་པའི་བྱིས་པ་མེད་ཀྱང་ཁོང་གིས་བསྒྱུར་ཞིང་བརྩམས་པའི་གཞུང་ལུགས་ཀྱི་གླེགས་ཐག་བཀྲོལ་ཏེ་གསུང་གི་འཕྲིན་ལས་ཀྱི་རྒྱུན་བསྐྱངས་པའི་མཁས་པའི་ཚོགས་ནི་གཙང་པོ་ཆེན་པོའི་འབབ་རྒྱུན་བཞིན་ད་བར་དུ་འཛད་མ་མྱོང་། ཁོ་བོས་རྔོག་ལོ་ཆེན་པོ་གླེང་གིན་ལ་མངའ་རིས་ཀྱི་ཆོས་རྒྱལ་ཞིག་ཀྱང་དྲན་བྱུང་། དེ་ནི་མངའ་བདག་རྩེ་ལྡེ་དང་དེའི་སྲས་དབང་ལྡེ་གཉིས་ཡིན། ཤེས་གསལ་ལྟར་སྔོན་དུས་རྒྱ་གར་དུ་སློབ་སྦྱོང་ལ་འགྲོ་སྐབས་རྔུལ་ཆུ་ཁོ་ན་བཏོན་པས་མི་ཆོག་གི་འཚོ་བའི་འགྲོ་གྲོན་དང་སློབ་ཡོན་སོགས་ལ་གསེར་མང་པོ་དགོས་ཀྱི་ཡོད། ལོ་ཙཱ་བ་བློ་ལྡན་ཤེས་རབ་ཕྱི་ལོགས་སུ་སློབ་སྦྱོང་མཛད་སྐབས་སློབ་ཡོན་སོགས་ཀྱི་འགྲོ་གྲོན་དེ་མངའ་རིས་ཀྱི་ཆོས་རྒྱལ་མངའ་བདག་རྩེ་ལྡེ་ཡབ་སྲས་ཀྱིས་བཏང་བ་ཡིན། གལ་ཏེ་རྩེ་ལྡེ་ཡབ་སྲས་ཀྱིས་ཁོང་གི་ཆེད་བཏང་བའི་དཔལ་འབྱོར་ཐོག་གི་རོགས་རམ་དེ་མེད་ཚེ་སྐད་གྲགས་ཅན་གྱི་ལོ་ཙཱ་བ་ཁོང་ཡོང་མི་སྲིད་ལ། གསང་ཕུ་དགོན་པ་ཡང་བོད་ཀྱི་ཀློག་པ་པོ་ཐམས་ཅད་ཀྱི་ཆུ་མགོའི་གངས་རི་ལྟ་བུར་འགྱུར་མི་སྲིད།

སྔོན་དུས་འབྱོར་ལྡན་དག་གིས་བཞེངས་པའི་ཀ་བ་བརྒྱ་ཕྲག་ཅན་གྱི་ལྷ་ཁང་ཆེན་མོ་དང་གསེར་དངུལ་གྱི་ཕྲ་རྒྱན་བཏབ་པའི་ལྷ་སྐུ་དེ་དག་དུས་ཀྱི་རླུང་གིས་འཇིག་ཟིན་ཀྱང་། རྩེ་ལྡེ་ཡབ་སྲས་ཀྱིས་བཞེངས་པའི་བློ་ལྡན་ཤེས་རབ་ཀྱི་ནང་སེམས་ཀྱི་འཇིག་རྟེན་ལ་ཤར་བའི་མཚན་ཉིད་བསམ་བློའི་ཟླ་འོད་ནི་ཤེས་རབ་ཅན་ཁྲི་ཕྲག་གི་སེམས་ན་ད་དུང་འོད་ལམ་ལམ་དུ་འཚེར་གྱིན་ཡོད་པ་ནི་ངོ་མ་དགའ་དགོས་པ་ཞིག་ཡིན། འདི་ནི་མཚོན་པ་ཙམ་ཡིན་གྱི་མངའ་རིས་ཆོས་རྒྱལ་དག་གིས་བོད་ཀྱི་རིག་གཞུང་དར་སྤེལ་ཐད་ཕྱག་ལས་ཇི་ལྟར་གནང་ཡོད་པ་ནི་བོད་ཀྱི་རིག་གནས་ལོ་རྒྱུས་ཀྱི་དེབ་ཐེར་ངོས་སུ་བསྐལ་བ་སྟོང་གི་བྲག་རི་བཞིན་བརྟན་པོར་གནས་ཡོད། དེས་ན་འགོས་ལོ་ཙཱ་བས།  སྤྱིར་ན་མངའ་རིས་སྟོད་ཀྱི་རྒྱལ་པོ་དེ་རྣམས་ཀྱིས་བསྟན་པའི་ཞབས་ཏོག་བགྱིས་པ་དེ་ལྟ་བུ་ནི་ཡུལ་གཞན་གང་ན་ཡང་མ་མཆིས། ། ཞེས་གསུངས་པ་ནི་ཅི་འདྲའི་གནད་ལ་རེག་པའི་སྡོམ་ཚིག་ཅིག་ཏུ་འདུག་ཨང་སྙམ་པ་རྟག་ཏུ་འཆར།

 རྔོག་ལོ་ཆེན་པོའི་སློབ་མའི་ཚོགས་ནི་སྟོན་གྱི་མཁའ་དབྱིངས་སུ་བཀྲ་བའི་སྐར་ཚོགས་ཇི་བཞིན་མཐའ་དང་དབུས་མེད་ཀྱང་གཙོ་བོ་ཞང་ཚེ་སྤོང་ཆོས་ཀྱི་བླ་མ། ཞང་གྲོ་ལུང་པ་བློ་གྲོས་འབྱུང་གནས། འབྲེ་ཤེས་རབ་འབར། ཁྱུང་རིན་ཆེན་གྲགས་ཏེ་སྲས་ཀྱི་ཐུ་བོ་བཞི་སོགས་ཀྱིས་རིམ་པ་བཞིན་འཆད་ཉན་གྱི་རྒྱུན་བསྐྱངས།

ཞང་ཚེ་སྤོང་གིས་གདན་ས་མཛད་པའི་སྐབས་སུ་ཟུར་ཆོས་པ་སྐུ་འབུམ་གྱི་ཤར་དུ་ཕྱ་པས་ཚད་མ། ལྷོར་རྒྱ་མ་ཆིང་རུ་བས་བྱམས་ཆོས། ནུབ་ཏུ་རིན་ཚུལ་གྱིས་མངོན་པ། བྱང་དུ་ཡོན་ཏན་ཤེས་རབ་ཀྱིས་འདུལ་བ་འཆད་དེ། བོད་ཀྱི་མཚན་ཉིད་ལོ་རྒྱུས་ནང་གི་འཆད་ཉན་གྱི་དབྱར་གཞུང་ལ་སླེབས། ལྷག་ཏུ་རྫས་ལྡོག་མ་འདྲེས་སོ་སོར་འབྱེད་པའི་མིག་རྩ་དམར་པོ་ཅན ཏེ། སློབ་དཔོན་ཕྱྭ་བ་ཡིས་དབུ་ཚད་ཀྱི་བསྡུས་པ་མང་དུ་མཛད་ཅིང་། བོད་ཀྱི་ཐུན་མོང་མིན་པའི་མཚོན་སྦྱོར་གྱི་རྣམ་གཞག་སོགས་རིགས་ལམ་གྱི་འགྲོས་མང་པོ་ཞིག་གཏན་ལ་ཕབ། སློབ་མ་སེང་ཆེན་བརྒྱད་སོགས་བྱུང་ནས་བོད་ཀྱི་ཡུལ་གྲུ་ཀུན་ཏུ་སེང་གེ་སྲབ་མེད་དུ་རྒྱུ་བའི་མཚན་ཉིད་པས་གང་བ་བྱས། སློབ་དཔོན་ཕྱྭ་བས་གཏོད་པའི་རིགས་ལམ་གྱི་འགྲོས་དེ་དེང་དུས་སུའང་བོད་ཀྱི་མཚན་ཉིད་པ་དག་གིས་རྒྱུན་འཛིན་བྱེད་ཀྱིན་ཡོད་ཅིང་། ཆོས་ར་ཞེས་པའི་རྡོ་གཅལ་གྲུ་བཞི་མ་དེ་རུ་རས་གཟན་སྐེད་ལ་དཀྲིས་པའི་གྲྭ་རྐྱང་དག་གི་ངག་སྒོ་ནས་ཆོས་རྩོད་ཀྱི་སྐད་སྒྲ་ལྷང་ལྷང་གྲགས་པ་ཐོས་དུས་སྔོན་གྱི་གསང་ཕུ་ནེའུ་ཐོག་དགོན་པ་དྲན་ཡོང་བ་དང་། གསང་ཕུ་ནེའུ་ཐོག་དགོན་དྲན་དུས་རྔོག་ལོ་ཆེན་པོ་སོགས་ཀྱང་དྲན་ཡོང་།

གསང་ཕུ་ནེའུ་ཐོག་དགོན་པ་ནི་རིགས་པའི་བྱེའུ་ཆུང་ལུང་གི་གཟེབ་ལ་བཅུག་པའི་ཁྱིམ་གྱི་བྱ་གསོས་ར་བ་དེ་མིན་པར། སློབ་གཉེར་བ་དག་གི་ཤེས་རབ་ཀྱི་གཤོག་ཡངས་གང་འདོད་རྐྱང་ཆོག་པའི་ནམ་མཁའ་ཆེན་པོ་ཞིག་ཡིན་ཏེ། རྔོག་ལོ་ཆེན་པོས་སློབ་དཔོན་ཆོས་མཆོག་ལྟ་བུ་རྒྱ་གར་མཁས་པ་དག་གི་གསུང་ལ་ཡང་དགག་སྒྲུབ་ཀྱིས་བླང་དོར་མཛད་ཅིང་། སློབ་དཔོན་ཕྱྭ་བ་ཡང་སྐབས་དེར་དར་ཆེ་བའི་དབུ་མ་ཐལ་འགྱུར་བའི་ལུགས་ལ་དགག་པ་མཛད་དེ་བྱེ་མདོའི་ལུགས་ལ་རྩིས་ཆེར་བྱེད་སྐད། ད་དུང«འཇུག་པའི་རྒྱས་འགྲེལ་རྟོག་གེ་ཐོ་བ»མཛད་མཁན་གྱི་པཎྜི་ཏ་ཨ་ནནྟ་དང་ཐལ་འགྱུར་བའི་ལྟ་བའི་སྐོར་ལ་བརྩད་པས་ཕྱྭ་བ་ཉིད་རྒྱལ་བ་ཡང་གྲགས། ཁོང་གི་སློབ་མའི་ནང་དུ་རྨ་བྱ་བྱང་བརྩོན་རྩོད་པའི་སེང་གེ་ལྟ་བུ་རང་གི་སློབ་དཔོན་གྱི་རྗེས་སུ་མི་འབྲངས་པར་དབུ་མ་ཐལ་འགྱུར་བའི་ལུགས་རྒྱ་ཆེར་སྤེལ་བར་མཛད་མཁན་ཡང་བྱུང་། གསང་ཕུ་ནེའུ་ཐོག་དགོན་པ་ན་དེ་དང་དེ་ལྟ་བུ་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་བླ་སློབ་རིགས་པ་རང་ཚུགས་ཅན་དག་གིས་བགྲོ་གླེང་གི་གསུང་སྐད་འཇགས་པ་མེད་ཅིང་། བོད་ཀྱི་མཁས་པས་བརྩམས་པའི་གཞུང་ལུགས་ཀྱི་པོ་ཏི་མང་པོ་སྤང་ལ་ཆུ་བརྡོལ་བ་བཞིན་བྱུང་ནས། གནའ་བོའི་རྒྱ་གར་གྱི་མཚན་ཉིད་གཞུང་ལུགས་བོད་དུ་བསྒྱུར་བ་དག་ལ་རིགས་ལམ་གྱི་ཕྲ་རྒྱན་གསར་པ་བཏབ་པའི་ལེའུ་ཞིག་ཏུ་གྱུར།

དེ་ལྟར་གསང་ཕུ་ནེའུ་ཐོག་གི་གངས་རི་ཆེན་པོ་ནས་རིམ་གྱིས་གྱེས་ཏེ། གཙང་པོ་དང་ཆུ་ཕྲན་ལྟ་བུ་དབུས་གཙང་གི་གདན་ས་ཆེན་མོ་དང་བོད་མཐའ་དབུས་ཀྱི་མཚན་ཉིད་ཆོས་ར་གཞན་དང་གཞན་དག་བྱུང་ཞིང་། བོད་ཀྱི་ཀུན་མཁྱེན་གཉིས་པ་བུ་སྟོན་ཁ་ཆེ། ས་སྐྱའི་གཡག་རོང་རྣམ་གཉིས། རྙིང་མའི་ཀློང་ཆེན་རབ་འབྱམས། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། དགེ་ལྡན་པའི་རྩོད་པའི་མཆོག་གྱུར་དར་མ་རིན་ཆེན་སོགས་མཚན་ཉིད་མཁས་པ་ཕལ་མོ་ཆེས་སྔ་ཕྱིར་གསང་ཕུ་ནེའུ་ཐོག་གི་ཆོས་ར་ཆེན་མོ་རུ་བགྲོ་གླེང་གི་མེ་ཏོག་གཏོར་ཏེ། རང་རང་གི་རྣམ་དཔྱོད་ཀྱི་དྲི་བསུང་འཐུལ་བར་བྱས། དེ་ལྟར་བོད་ཀྱི་རིག་གནས་ནི་ནགས་ཚལ་ཆེན་པོ་ཞིག་ཡིན་ན་མཚན་ཉིད་རིག་པ་ནི་དེའི་ནང་གི་ཙན་དན་གྱི་སྡོང་པོ་དེ་ཡིན་ཞིང་། མཚན་ཉིད་རིག་པའི་སྡོང་པོ་དེའི་ས་བོན་བཏབ་ཅིང་ཡལ་ག་རྒྱས་སུ་འཇུག་མཁན་གྱི་ལོ་ཙཱ་བ་བློ་ལྡན་ཤེས་རབ་ལྟ་བུ་ནི་ནགས་ཀྱི་ལྷ་ཆེན་པོ་དང་། གསང་ཕུ་དགོན་པ་ནི་ལྷ་ཆེན་པོ་དེ་དག་གི་འཕྲིན་ལས་ཀྱི་འོད་ཟེར་འཕྲོ་བའི་མཆོད་ཁང་སྦུག་མ་དེ་ཡིན་ནོ། །   འོན་ཀྱང་ལོ་རྒྱུས་ནི་ཚོད་དཔག་བྱེད་མི་ཤེས་པའི་གནམ་སའི་འགྱུར་ལྡོག་ཅིག་ཡིན་པ་དང་། དེའི་མཇུག་འབྲས་ཀྱིས་མི་རྣམས་ཧང་སང་བར་བྱེད། འཛམ་གླིང་ན་གྲགས་པ་འབར་བའི་འཕགས་པའི་ཡུལ་གྱི་ན་ལེནྡྲའི་ཆོས་སྡེ་ཆེན་པོ་དེ་ད་ལྟ་མིང་ཙམ་ཞིག་ཤུལ་དུ་ལུས་ཤིང་། ལོ་ངོ་དགུ་བརྒྱའི་སྔོན་གྱི་གསང་ཕུ་ནེའུ་ཐོག་ཀྱང་འཆད་ཉན་གྱི་ཉིན་བྱེད་ནུབ་རིར་ཡོལ་བའི་ལུང་ཁུག་གི་དགོན་ཆུང་འདི་ཡིན་པར་སེམས་ཚེ་སེམས་སུ་སྐྱོ་སྣང་གི་སྨུག་པ་ལིང་ངེ་བ་ཞིག་འཐིབས་ཡོང་། དེ་ལྟ་ན་ཡང་བོད་ཀྱི་མཚན་ཉིད་གཞུང་ལུགས་ལ་མོས་གུས་ཆེ་ཞིང་ལོ་རྒྱུས་ལ་སྤྱན་རས་ཡངས་པ་སུ་ཞིག་ཡིན་ཡང་དེས་གསང་ཕུ་ནེའུ་ཐོག་གི་ལོ་རྒྱུས་ཀྱི་དྲན་པ་ཡལ་མི་སྲིད།

ལོ་རྒྱུས་སྨྲ་བ་དཔའ་བོ་གཙུག་ལག་ཕྲེང་བས་གསང་ཕུ་དགོན་པ་གླེང་སྐབས་མདོར་ན་དཔལ་ལྡན་གསང་ཕུ་འདི་ནི་བོད་ཀྱི་ཀློག་པ་པོའི་ཆུ་བོ་ཐམས་ཅད་ཀྱི་འབྱུང་གནས་གངས་རི་ལྟ་བུ་ཡིན་ལ་ཞེས་གསུངས་ཤིང་། དུས་རབས་ཉི་ཤུ་པའི་ནང་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གསང་ཕུ་བརྒྱུད་ནས་ཕེབས་སྐབས།  བོད་ཀྱི་ཆོས་སྡེ་ཆེན་པོ་ཁག་གི་མཚན་ཉིད་རྩོད་གྲྭའི་སྲོལ་ཐོག་མར་གཏོད་མཁན་ནི་ཆ་བ་ཆོས་ཀྱི་སེང་གེ་ཡིན། གསང་ཕུ་ལུང་པ་ཆུང་ཆུང་འདི་འདྲ་བའི་རིའི་ཕུག་ནས་བྱང་མཐའི་ཨུ་རུ་སུའི་བར་ཁྱབ་པར་རེད། ཅེས་ཀྱང་གསུངས་མྱོང་། དེ་བཞིན་དུས་རབས་ཉེར་གཅིག་པའི་ནང་བོད་ཀྱི་མཚན་ཉིད་དང་ལོ་རྒྱུས་མཁས་པ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་གནས་དེར་ཕེབས་དུས་སུ་མཁས་གྲུབ་བྱེ་བས་གྲྭ་སྐོར་དམ་བཅའ་འཇོག་སའི་ཆོས་ཁྲི་སེར་པོའི་མདུན་དུ་དད་གུས་དང་ཚོར་སྣང་ཆེན་པོས།  གནས་ས་འཛིན་མཐོན་པོ་ལྷུན་ཆགས་སྟེང་། །རྔོག་ཁུ་དབོན་ཡེ་ཤེས་རང་སྣང་ལས། །དཔལ་མཉམ་མེད་གསང་ཕུའི་གདན་ས་གྲུབ། །འདིའི་ངོ་མཚར་སྨྲ་བསམ་ཡུལ་ལས་འདས། ། ཞེས་སོགས་ཀྱི་མགུར་བཞེས་པར་མཛད་དོ། །གང་ལྟར་ད་ནི་གསང་ཕུ་ནེའུ་ཐོག་གི་མཚན་ཉིད་མཁས་པ་ཚོ་སྐུ་མྱ་ངན་ལས་འདས་ཤིང་། དེ་རུ་ལྷང་ལྷང་དུ་གྲགས་པའི་མཚན་ཉིད་བགྲོ་གླེང་གི་གསུང་སྐད་ཀྱང་ཡལ་ཟིན་མོད། བྲག་རི་བརྩིགས་པ་ལྟ་བུའི་གླེགས་བམ་དག་གི་ནང་དུ་གསང་ཕུ་ནེའུ་ཐོག་གི་ཤེས་རབ་ཀྱི་དྲི་ངད་ད་དུང་ཡལ་མེད། ད་ལྟ་དུས་རབས་ཉེར་གཅིག་པ་ནི་འཕོ་འགྱུར་གྱི་རྦ་རླབས་དྲག་ཏུ་གཡོ་བའི་རྒྱ་མཚོ་ཆེན་པོ་ཞིག་དང་འདྲ་ཞིང་། རྒྱ་མཚོ་དེ་རུ་བྱིང་ལ་ཉེ་བའི་བོད་ཀྱི་མཚན་ཉིད་ཆོས་ར་དག་ནི་སྟོན་མཇུག་གི་མེ་ཏོག་གཅིག་དང་མཚུངས། ཅི་སྟེ་མེ་ཏོག་དེ་དག་གི་འདབ་མ་མ་རྙིང་ལ་ཟེའུ་འབྲུ་མ་རུལ་བར་མཛེས་སྡུག་གི་ལང་ཚོ་རྟག་བརྟན་གཡུང་དྲུང་གི་ངོ་བོར་གནས་དགོས་ན། དེ་ནི་ངེད་ཅག་གི་ཤེས་རབ་དང་། བརྩོན་འགྲུས། རང་ཚུགས་སོགས་ལ་རག་ལས་པ་གདོན་མི་ཟའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1