ཏེ་དབྱང་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་མཛོད་དགེ་རྫོང་དུ་2024ལོའི་མཐོ་རྒྱུགས་སློབ་ཁྲིད་གསོ་སྦྱོང་ཞིབ་འཇུག་གི་བྱེད་སྒོ་སྤེལ།

གསར་འགོད་པ། བཀྲ་ཤིས་ལྷ་མོ། དུས་ལྡན། རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 04-15


《སི་ཁྲོན་ཞིང་ཆེན་ནང་ཁུལ་གྱི་བོད་ཁུལ་དང་དབྱི་རིགས་ས་ཁུལ་གྱི་དབུལ་ཕོངས་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ལག་བསྟར་ཇུས་གཞི》ལག་ལེན་དུ་བསྟར་ནས། སློབ་གསོའི་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་། མཛོད་དགེ་རྫོང་གི་མཐོ་གསུམ་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་བར་གནད་ལ་འཁེལ་བའི་རོགས་རམ་མཁོ་འདོན་བྱ་ཆེད། སྤྱི་ཟླ་4པའི་ཚེས་10ཉིན། ཏེ་དབྱང་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས་མཛོད་དགེ་རྫོང་ནས་མཐོ་རྒྱུགས་སློབ་ཁྲིད་གསོ་སྦྱོང་ཞིབ་འཇུག་གི་བྱེད་སྒོ་སྤེལ།

ཐེངས་འདིའི་བྱེད་སྒོ་དུས་ཡུན་ཉིན་གསུམ་ལ་སྤེལ་བ་དང་། ཆེད་མཁས་ཚོགས་པས་བཞུགས་མོལ་སྤེལ་རེས་དང་སྤུས་ལེགས་དཔེ་སྟོན་སློབ་ཁྲིད། སེམས་ཁམས་ཁྲིད་སྟོན་སློབ་ཁྲིད་བཅས་ཀྱི་ལམ་ནས་སློབ་ཁྲིད་བྱེད་སྒོ་སྤེལ་བ་རེད། འགོ་ཚུགས་མཛད་སྒོར་ཏེ་དབྱང་གྲོང་ཁྱེར་སློབ་གསོ་ཚན་རིག་ཞིབ་འཇུག་གླིང་གི་ཡོན་ཀྲང་ལི་ཡོན་གྱིས་མཐོ་རྒྱུགས་གསར་པའི་སྐོར་ནས་ཆེད་དོན་འཆད་ཁྲིད་གནང་། སྲིད་ཇུས་གསལ་རྟོགས་དང་ལག་ལེན་ཐབས་ཇུས། དངོས་སྤྱོད་ལག་ལེན་བཅས་མཐོ་རྒྱུགས་སྟ་གོན་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་གསུམ་ལ་བརྟེན་ནས། མཐོ་རྒྱུགས་ཀྱི་གཞི་རྩའི་དམིགས་ཚད་དེ་ཀུན་སྤྱོད་ལེགས་སྐྱོང་དང་ཞབས་ཞུ་ལེགས་འདོན། སློབ་ཁྲིད་ལ་ཁྲིད་སྟོན་བཅས་ལ་གོ་བ་ཟབ་མོ་བླངས།

ཚེས་11ཉིན་གྱི་སྔ་དྲོའི་སློབ་ཁྲིད་གསོ་སྦྱོང་གི་བྱེད་སྒོར་ཏེ་དབྱང་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་གི་དགེ་རྒན་གྲགས་ཅན་དགུ་ཡིས་སྐད་ཡིག་དང་གྲངས་རིག །དབྱིན་ཡིག །དངོས་ལུགས། རྫས་འགྱུར། སྐྱེ་དངོས། ཆབ་སྲིད། ལོ་རྒྱུས། ས་ཁམས་བཅས་ཀྱི་སྤུས་ལེགས་དཔེ་སྟོན་སློབ་ཁྲིད་བྱས། རིག་ཚན་11གི་བཞུགས་མོལ་སྤེལ་རེས་ཚོགས་འདུ་བརྒྱུད་མཛོད་དགེ་རྫོང་གི་མཐོ་འབྲིང་ལོ་རིམ་གསུམ་པའི་དགེ་སློབ་700ལྷག་ལ་ཆེད་དོན་གསོ་སྦྱོང་བྱས།  2024ལོའི་མཐོ་རྒྱུགས་བསྐྱར་སྦྱོང་དང་རྒྱུགས་སྤྲོད་སྟ་གོན། རྒྱུགས་གཞིའི་ནང་དོན་གཙོ་གནད། རྒྱུགས་ལན་འདེབས་རྩལ་བཅས་ཀྱི་སྐོར་ལ་སློབ་སྦྱོང་བྱས། སློབ་ཁྲིད་གྲོལ་རྗེས་ཏེ་དབྱང་གྲོང་ཁྱེར་གྱི་སེམས་ཁམས་རིག་པའི་དགེ་རྒན་གྲགས་ཅན་དགེ་རྒན་ལུའོ་ཅིང་གིས་མཛོད་དགེ་རྫོང་གི་མཐོ་གསུམ་སློབ་མར་མཐོ་རྒྱུགས་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏོང་བའི་སེམས་ཁམས་ཁྲིད་སྟོན་འཆད་ཁྲིད་གནང་། 

ཐེངས་འདིའི་བྱེད་སྒོར་ཏེ་དབྱང་དང་མཛོད་དགེ་ས་ཁུལ་གཉིས་ཀྱིས་མཛའ་བརྩེའི་འབྲེལ་འདྲིས་ཟབ་སྤེལ་སྒོས་ས་ཁུལ་གཉིས་ཀྱི་སློབ་གསོ་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཏེ་དབྱང་སློབ་འབྲིང་གི་དབྱིན་ཡིག་དགེ་རྒན་ཧོང་ཡན་ཚུང་གིས་བཤད་རྒྱུར། ཐོག་མར་ང་རང་ད་ལོའི་ཏེ་དབྱང་གྲོང་ཁྱེར་མཐོ་གསུམ་སློབ་ཁྲིད་སྐྱེས་སུ་ཕུལ་པའི་དགེ་རྒན་ཚོགས་པའི་ཁོངས་མི་ཞིག་གི་ངོས་ནས་མཛེས་སྡུག་ལྡན་པའི་མཛོད་དགེ་རུ་འབྱོར་བར་དགའ་པོ་བྱུང་། འདིར་སླེབས་མ་ཐག་ས་གནས་དེ་གའི་འགོ་ཁྲིད་ཀྱིས་ཐེངས་འདིའི་བྱེད་སྒོར་མཐོང་ཆེན་གནང་བ་ཚོར་ཐུབ། སྤྱི་སྒྲོག་སློབ་ཁྲིད་གྲོལ་རྗེས་སློབ་བུ་རྣམས་ཀྱི་ཤེས་འདོད་ཀྱི་འདུན་པ་དང་ས་གནས་དགེ་རྒན་རྣམས་ཀྱི་སྤྲོ་སེམས་ལེགས་པོར་མཚོན་པས། རང་ལ་མཚོན་ན་སློབ་གསོའི་ལས་དོན་ལ་སྔར་ལས་བསམ་ཤེས་བསྐྱེད། བརྩོན་པ་ལྷུར་ལེན་གྱིས་འབྱུང་འགྱུར་རེ་བས་གཏོད་དགོས།  

མཛོད་དགེ་རྫོང་སློབ་འབྲིང་གི་དབྱིན་ཡིག་དགེ་རྒན་སེ་ཏེ་ཡིས་བཤད་རྒྱུར། ཏེ་དབྱང་སློབ་གསོ་ཚན་རིག་ཁང་གི་ཆེད་མཁས་འགོ་ཁྲིད་ཚོགས་པ་དང་རང་རེའི་རྫོང་གི་སློབ་གསོ་ཅུས་ཀྱིས་ང་ཚོར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ། ད་ཐེངས་ང་ཚོའི་སློབ་གྲྭར་དུས་ཡུན་ཉིན་གཉིས་ཀྱི་མཐོ་རིམ་སློབ་འབྲིང་ལོ་རིམ་གསུམ་པར་དམིགས་པའི་བསྐྱར་སྦྱོང་གི་སློབ་ཁྲིད་བྱེད་སྒོ་སྤེལ། རང་ཉིད་ཀྱང་ཆེད་མཁས་དགེ་རྒན་རྣམ་པའི་དཔེ་སྟོན་སློབ་ཁྲིད་ལ་ཉན་པར་ཕྱིན། ཆེད་མཁས་དགེ་རྒན་རྣམས་ཀྱི་སློབ་ཁྲིད་སྒྲིག་གཞི་ལེགས་ལ་སྐད་ཆར་གསོན་ཤུགས་ལྡན་པས་ཐོབ་བྱ་མི་ཉུང་བ་ཡོད། རང་ཉིད་ཀྱི་ལས་ཀའི་ཁ་ཕྱོགས་དང་དམིགས་ཚད་ཇེ་གསལ་དུ་བཏང་། ལོ་རེར་སློབ་ཁྲིད་སྐྱེས་སུ་ཕུལ་བའི་བྱེད་སྒོ་དེས་ང་ཚོ་ས་མཐོའི་ས་ཁུལ་དང་ནང་སའི་སློབ་ཁྲིད་ཀྱི་བར་ཐག་ཇེ་ཉེ་རུ་བཏང་བ་མ་ཟད་ང་ཚོའི་སློབ་ཁྲིད་བྱེད་སྟངས་ཇེ་ལེགས་སུ་ཕྱིན། ང་ཚོའི་སློབ་ཁྲིད་འདུ་ཤེས་སྔོན་ཐོན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། ང་ཚོ་ས་མཐོའི་ས་ཁུལ་གྱི་སློབ་ཁྲིད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བས་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ།

མཐོ་གསུམ་འཛིན་གྲྭ་གཉིས་པའི་སློབ་མ། ཝང་ཞིན་དབྱི་ཡིས་བཤད་རྒྱུར། ཏེ་དབྱང་གི་དགེ་རྒན་རྣམ་པའི་སློབ་ཁྲིད་ལ་ཉན་པ་བརྒྱུད་ངས་སློབ་སྦྱོང་དང་བསྐྱར་སྦྱོང་གི་མྱུར་ཚད་ཇེ་མགྱོགས་སུ་བཏང་། ལྷག་དོན་ཐེངས་འདིའི་སེམས་ཁམས་འཆད་ཁྲིད་བརྒྱུད་ཐོབ་བྱ་མང་པོ་ཡོད། མཐོ་རྒྱུགས་ལ་གྲ་སྒྲིག་བྱེད་པའི་སེམས་ཁྲལ་ཇེ་ཆུང་དུ་ཕྱིན། ད་ནས་བཟུང་ངས་རྣམ་འགྱུར་ཇེ་ལེགས་སུ་བཏང་ནས་འབྱུང་འགྱུར་གྱི་ཉིན་50ལྷག་གི་བསྐྱར་སྦྱོང་ལམ་བུར་མཐོ་རྒྱུགས་ཁྲོད་རྒྱལ་ཁ་ལེན་པར་བརྩོན་པ་ལྷུར་ལེན་བྱ་རྒྱུ་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1