ཀོང་པོ་རྒྱ་མདའི་བྱེད་སྒོ་འདིར་མི་མང་པོ་ཞིག་གིས་བལྟས་འདུག

རྩོམ་སྒྲིག་པ། ཚུལ་ཁྲིམས་བཟང་པོ། ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 04-15


ཟླ་བ་བཞི་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར། ༢༠༢༤ལོའི་སྐབས་ཉེར་གཅིག་པའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་སྟོན་གྱི་ཀོང་པོ་རྒྱ་མདའི་ཡན་ལག་ཚོགས་རའི་བྱེད་སྒོ་སྟེ། མཛེས་པའི་ཀོང་པོ་རྒྱ་མདའ། དུས་བཞིར་མེ་ཏོག་བཞད་འདྲ་ཞེས་པའི་འགོ་ཚུགས་མཛད་སྒོ་གཟབ་རྒྱས་ངང་འཚོགས།

ཉང་ཆུ་སྔོན་མོའི་སྟོད་རྒྱུད་ཀྱི་ཀོང་པོ་རྒྱ་མདའ་རུ་ཁམ་བུའི་མེ་ཏོག་རྣམ་པར་བཀྲ། ས་གནས་དེ་གའི་མང་ཚོགས་ཀྱིས་ལུས་ལ་གཟབ་འཆོར་སྤྲས་ཏེ། གླུ་ལེན་གར་རྩེད་བྱེད་བཞིན་དགའ་བའི་དཔལ་ལ་རོལ།  ཕྱོགས་བཞི་མཚམས་བརྒྱད་ཀྱི་མ་བོས་མགྲོན་པོ་རྣམས་བུང་བའི་ཚོགས་བཞིན་ཕེབས་ནས། ཀོང་པོ་རྒྱ་མདའི་ཐུན་མོང་མིན་པའི་རིག་གནས་སྒྱུ་རྩལ་ཉམས་སུ་མྱོང་།

འགོ་ཚུགས་མཛད་སྒོའི་ཐོག །ཉིང་ཁྲི་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པས༼པི་ཝང་གི་ཉམས་འགྱུར༽ཞེས་པ་འཁྲབ་སྟོན་བྱས་ཏེ། ཀོང་པོ་ས་ཆའི་རྫོང་སྟུག་པའི་རིག་གནས་མཚར་ཉམས་ངོམས་ཡོད་ལ། གླུ་གཞས༼མཛེས་པའི་ཀོང་པོ་རྒྱ་མདའ༽ཞེས་པ་ལས་ཀོང་པོའི་ཨ་དར་ཚོས་ཕ་ཡུལ་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་ཡོད། དེ་མིན་འགོ་ཚུགས་མཛད་སྒོའི་ཁྲོད་ལྷ་སྐྱིད་དང་བཀྲ་ཤིས་ཉི་མ། སངས་རྒྱས་ཚེ་རིང་། སྒྲོལ་མ་གཡང་འཛོམས། བསྟན་པ་རྒྱལ་མཚན་སོགས་མིང་དུ་གྲགས་པའི་གཞས་པ་གཞས་མ་གདན་འདྲེན་ཞུས་ཡོད་ལ། ཉིང་ཁྲི་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པ་དང་ཀོང་པོ་རྒྱ་མདའ་རྫོང་མི་རིགས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་གླུ་དང་གར་གྱི་མཆོད་པ་གྱ་ནོམ་པ་ཕུལ་ཡོད།

འགོ་ཚུགས་མཛད་སྒོ་འདི་ཁམས་པའི་བརྙན་འཕྲིན་ཁང་གི་ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ་དང་ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་ཕྲན་བརྙན་སྟེགས། ཁམས་པའི་བརྙན་འཕྲིན་ཁང་གི་འདར་དབྱངས། པོད་ཕྲན། སི་ཁྲོན་ལྟ་ཞིབ་མགྲོན་སྣེ་དང་པོད་ཕྲན། ཁྲེང་ཏུའུ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགྱུར་ལྟ་ཞིབ་མགྲོན་སྣེ་དང་བརྙན་སྟེགས། འདར་དབྱངས། པོད་ཕྲན། ཉིང་ཁྲི་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་བརྙན་སྟེགས་དང་འདར་དབྱངས། ཀོང་པོ་རྒྱ་མདའ་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་བརྙན་སྟེགས་དང་འདར་དབྱངས། རིག་གནས་ལྷ་སའི་བརྙན་སྟེགས་དང་འདར་དབྱངས་སོགས་སྟེགས་བུའི་ཐོག་ནས་དུས་མཉམ་དུ་ཐད་གཏོང་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོ་ནི་ཀྲུང་གུང་ཀོང་པོ་རྒྱ་མདའ་རྫོང་ཨུ་དང་ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་བ་ཡིན་ལ།  རྗེས་ཀྱི་ཉིན་འགའི་ནང་ཁམ་གླིང་སྤོ་ལོ་རྩེད་མོ་དང་དཔྱིད་ཀྱི་དཔལ་མོའི་གླུ་དབྱངས་ཞེས་པའི་གླུ་ཚོགས་སོགས་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་གང་མང་བཀོད་སྒྲིག་བྱས་ཡོད་པས། ཡུལ་སྐོར་པས་ཀོང་པོ་རྒྱ་མདའ་ནས་མིག་གི་ལོངས་སྤྱོད་དང་རྣ་བའི་བདུད་རྩི། དང་བ་འདྲེན་པའི་ཟས་མཆོག ཡིད་གར་འོང་བའི་འཚོ་བ་བཅས་རོལ་མྱོང་བྱེད་ཆོག

ཉེ་བའི་ལོ་ཤས་རིང་། ཀོང་པོ་རྒྱ་མདའ་རྫོང་གིས་ཕུན་སུམ་ཚོགས་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ལ་བརྟེན་ནས་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་མང་པོ་སྤེལ་བ་དང་། ཞིང་ལས་ཁྱད་ལྡན་ཐོན་རྫས་གསར་སྤེལ་བྱས་ཏེ། ཡུལ་སྐོར་པ་མང་པོའི་ཡིད་སེམས་བཀུག བྲག་གསུམ་མཚོ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་མཚོ་མགོ་ཤང་གི་རྗེས་པ་གྲོང་ཚོའི་ཡུལ་སྐོར་ཐོན་ལས་གལ་ཆེན་ཞིག་ཏུ་གཏོད་ནས། དམངས་སྲོལ་མགྲོན་ཁང་དང་གནས་ཚང་སོགས་ལ་བརྟེན། གྲོང་མི་ཚོས་ཡུལ་སྐོར་ཁེ་བཟང་རག་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ༢༠༢༣ལོར། ཀོང་པ་རྒྱ་མདའ་རྫོང་གི་ཁྱོན་བསྡོམས་ཡུལ་སྐོར་པ་མི་ཐེངས་ས་ཡ་གཉིས་འབུམ་དྲུག་ཁྲི་ལྔ་སྣེ་ལེན་བྱས་ཡོད་ལ། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་བཅོ་ལྔ་དང་བྱེ་བ་གསུམ་ཟིན་པས། སོ་སོ་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་གོ་གསུམ་དང་བརྒྱ་ཆའི་བརྒྱ་དང་བཅུ་མེད་བདུན་ཚེག་དགུ་འཕར་ཡོད་པ་རེད།

དཔྱིད་ཀྱི་དཔལ་མོ་སླེབས་པ་དང་བསྟུན་ནས་ཀོང་པོ་རྒྱ་མདའི་འཕེལ་རྒྱས་ཀྱི་གོ་སྐབས་སླེབས། ༢༠༢༤ལོར། ཀོང་པོ་རྒྱ་མདའ་རྫོང་གིས་ཁྱོན་ཡོངས་ནས་བྲག་གསུམ་མཚོ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་འཛུགས་སྐྱོང་བྱས་ཏེ། བྲག་གསུམ་མཚོ་རྒྱལ་ཁབ་ཆུ་ཐོག་ལུས་རྩལ་སྤྱི་གླིང་གཏོད་པ་དང་། བྲག་གསུམ་མཚོ་རྒྱལ་ཁབ་མཐོ་སྒང་ཆུ་ཐོག་མང་ཚོགས་སྤྲོ་སྐྱིད་ལུས་རྩལ་ལྟེ་གནས་འཛུགས་སྐྱོང་ལས་གཞིའི་རེ་ཞུ་གང་ཐུབ་བྱ་རྒྱུ་རེད། ཕྱི་རོལ་རྒྱས་སྤྲོས་མགྲོན་ཁང་དང་དམངས་སྲོལ་མགྲོན་ཁང་སྤུས་དག གནའ་བོའི་གྲོང་ཚོ། བརླན་ས་སྤྱི་གླིང་སོགས་རིག་གནས་ཡུལ་སྐོར་ལས་གཞི་གསར་སྤེལ་འཛུགས་སྐྱོང་མགྱོགས་སུ་བཏང་ནས། བྲག་ཆུའི་ཉ་དང་བོད་ཕག་སོགས་ཀྱི་ཁྱད་ལྡན་ཟས་མཆོག་ཟོང་རྟགས་ཀྱང་གཏོད་རྒྱུ་ཡིན་པ་རེད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་འོག ཀོང་པོ་རྒྱ་མདའ་རྫོང་གིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་ངོམ་པའི་འདུ་ཤེས་དོན་འཁྱོལ་བྱས་ཏེ། ཀོང་པོ་རྒྱ་མདའི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཤིང་། མཛེས་པའི་ཀོང་པོ་རྒྱ་མདའ། དུས་བཞིར་མེ་ཏོག་བཞད་འདྲ་ཞེས་པའི་རིག་གནས་ཡུལ་སྐོར་ཟོང་རྟགས་བཏོད་དེ། རིག་གནས་ཡུལ་སྐོར་བྱེད་སྒོ་ལ་བརྟེན་ནས་ཀོང་པོ་རྒྱ་མདའི་མཚན་སྙན་གྲགས་རྒྱས་སུ་བཅུག་སྟེ། ས་གནས་རིག་གནས་ཡུལ་སྐོར་སྤུས་མཐོའི་མཉམ་འདྲེས་ཡོང་བར་འབད་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1