གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་ཉེར་མཁོའི་འཕྲིན་སྦྱོར་ཐོན་རྫས་ཁག་ཅིག་སྤྱོད་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-15


 

2015ལོའི་ཟླ་7པའི་ཚེས་14ཉིན་སྔ་དྲོར། སི་ཁྲོན་ཏང་འཛུགས་དུས་དེབ་ཚོགས་པས་སི་ཁྲོན་ཏང་དེབ་འགྲེམ་སྤེལ་དང་འཕྲིན་སྦྱོར་ཀུན་འདུས་ཆ་འཕྲིན་དངོས་སུ་གཏོང་བའི་མཛད་སྒོའི་ཚོགས་འདུ་ཁྲིན་ཏུའུ་རུ་འཚོགས།

སི་ཁྲོན་ཞིང་ཆེན་གྱི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲའོ་མིང་རེན་དང་། ཞིང་ཆེན་གསར་འགྱུར་དཔེ་བསྐྲུན་བརྙན་འཕྲིན་རྒྱང་བསྒྲགས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཞོའོ་ཅེ། བདེན་འཚོལ་དུས་དེབ་ཁང་གི་ཆེད་མངགས་འཐུས་མི་སོགས་དང་། ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་ལས་ཁུངས་དང་ཁུལ་དང་རྫོང་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད། སི་ཁྲོན་ཉིན་རེའི་ཚགས་པར་ཁང་དང་སི་ཁྲོན་བརྙན་འཕྲིན་ཁང་། ཁམས་པའི་བརྙན་འཕྲིན་ཁང་། སི་ཁྲོན་གསར་འགྱུར་དྲ་བ་སོགས་ཞིང་ཆེན་རིམ་པའི་གསར་ལམ་ཁག་གི་འཐུས་མི། སི་ཁྲོན་ཏང་དེབ་ཚོགས་པའི་དུས་དེབ་ཁང་སོ་སོའི་ལས་མི་སོགས་བསྡོམས་པའི་མི་ཉིས་བརྒྱ་ལྷག་ཐེངས་འདིའི་མཛད་སྒོར་ཞུགས།


         ཚོགས་ཐོག་ཏུ་སི་ཁྲོན་ཏང་འཛུགས་དུས་དེབ་དང་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། འཚོ་བའི་མཛའ་བཤེས་སོགས་འབྲེལ་ཡོད་དུས་དེབ་ཁང་གིས་ཀུན་འདུས་འཕྲིན་སྦྱོར་དང་འབྲེལ་བའི་ཆ་འཕྲིན་ཐོན་རྫས་དག་བརྙན་ཐུང་གི་ལམ་ནས་ཀུན་གྱི་མིག་ལམ་དུ་བསྟན། བརྙན་ཐུང་དེ་དག་གིས་འཕེལ་རྒྱས་དང་གསར་གཏོད་ཀྱི་དཔལ་འབར་བའི་སི་ཁྲོན་ཏང་འཛུགས་དུས་དེབ་ཚོགས་པའི་འཕྲིན་སྦྱོར་ཀུན་འདུས་ཀྱི་རྣམ་པ་གསར་པ་མཚོན་ཡོད།

       དེའི་ནང་གི་སི་ཁྲོན་ཏང་འཛུགས་དུས་དེབ་ཚོགས་པའི་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ནི་བོད་ཁུལ་གྱི་ཆེས་ཐོག་མའི་སྐད་གཉིས་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཡིན་ལ། ཉེ་བའི་ལོ་གཉིས་ཙམ་གྱི་རིང་དུ་གངས་ལྗོངས་ཉི་གཞོན་ལ་སི་ཁྲོན་ཞིང་ཆེན་ཨུ་ལྷན་ཁང་དང་ཞིང་ཆེན་དྲིལ་བསྒྲགས་པུའུ་ཡིས་མཐོང་ཆེན་གནང་འོག་2013ལོར་གངས་ལྗོངས་ཉི་གཞོན་དུས་དེབ་གསར་དུ་བཏོན་པ་ལས་སི་ཁྲོན་ཞིང་ཆེན་ལ་བོད་ཡིག་ཏང་དེབ་མེད་པའི་ལོ་རྒྱུས་མཇུག་རྫོགས། དུས་དེབ་འདིར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྲིད་ཇུས་གལ་ཆེན་དང་བོད་ཁུལ་གྱི་འཕེལ་རྒྱས་གསར་པ། ས་གནས་རིག་གནས། འཕྲོད་བསྟེན་དང་ཁྲིམས་ལུགས་ཤེས་བྱ་སོགས་འདྲ་པར་དང་ཡི་གེ་ཟུང་འབྲེལ་གྱིས་སྤེལ་བཞིན་ཡོད་ལ། དུས་ཡུན་ཐུང་བའི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་དགའ་བསུ་དང་གདེང་འཇོག་མི་དམན་པ་ཐོབ།


      2014ལོའི་ཟླ་10པའི་ཚེས་1ཉིན་ཁ་བཏགས་དཀར་པོ་ཞེས་པའི་དུས་དེབ་གསར་དུ་བཏོན། དུས་དེབ་འདི་ནི་རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་གལ་ཆེན་དང་ཆོས་ལུགས་སྲིད་ཇུས། རིག་གཞུང་དཔྱད་རྩོམ་དང་རྩོམ་རིག་བརྩམས་ཆོས། ཚན་རྩལ་ཤེས་བྱ་སོགས་བརྗོད་བྱར་བཟུང་པའི་སྣ་འཛོམས་རང་བཞིན་གྱི་དུས་དེབ་ཅིག་ལགས།

     2015ལོའི་ཟླ་7པའི་ཚེས་1ཉིན། གངས་ལྗོངས་ཉི་གཞོན་བོད་ཡིག་དང་རྒྱ་ཡིག་དྲ་བ་དངོས་སུ་གཏོང་འགོ་ཚུགས་ཤིང་། ད་ལྟའི་བར་ཀློག་གྲངས་ཁྲི་500ལས་བརྒལ་བ་ཞིང་། ཨ་རི་དང་དབྱིན་ཇི། རྒྱ་གར། བལ་བོ་སོགས་རྒྱལ་ཁབ་དང་ས་གནས་100ལྷག་གི་རྒྱལ་ཕྱིའི་ཀློག་པ་པོས་ཀྱང་གངས་ལྗོངས་ཉི་གཞོན་དྲ་བར་དོ་སྣང་བྱེད་བཞིན་འདུག་ལ། གངས་ལྗོངས་ཉི་གཞོན་དྲ་བར་རྒྱལ་ནང་དང་རྒྱལ་སྤྱི། བོད་ཁུལ་གྱི་གསར་འགྱུར་གཙོ་བྱས་བོད་ཀྱི་སྐད་ཡིག་དང་རྩོམ་རིག ནང་བསྟན། གསོ་རིག ཚན་རྩལ། འཕྲོད་བསྟེན། ཡུལ་སྐོར་སོགས་དང་འབྲེལ་བའི་ནང་དོན་སྤེལ་བཞིན་ཡོད།


          ཆ་འཕྲིན་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ཏེ་2015ལོའི་ཟླ་བ་3པའི་ཚེས་13ཉིན་སི་ཁྲོན་ཏང་དེབ་ཚོགས་པས་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་དངོས་དུ་བཙུགས། དེ་ནི་བོད་ཁུལ་གྱི་ཆེས་ཐོག་མའི་འཕྲིན་སྦྱོར་ལྟེ་གནས་སུ་གྱུར།   གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་འཕྲིན་སྦྱོར་གསར་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་དུས་རབས་ཀྱི་དགོས་མཁོ། ལོ་ཚོད་མི་འདྲ་བའི་ཀློག་པ་པོའི་འཚོ་བའི་གོམས་གཤིས་དང་། ས་གནས་ཀྱི་ཆ་རྐྱེན་ལ་གཞིགས་ནས་གངས་ལྗོངས་ཉི་གཞོན་དུས་དེབ་དང་ཁ་བཏགས་དཀར་པོའི་དུས་དེབ། སྒྲོག་འགྲེལ་ངེས་ཀློག་བཅས་དུས་དེབ་གསུམ་དང་། གངས་ལྗོངས་ཉི་གཞོན་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲ་ཚུགས། གངས་ལྗོངས་ཉི་གཞོན་པར་མཛོད་དང་དཔེ་མཛོད།  ད་དུང་གངས་ལྗོངས་ཉི་གཞོན་བོད་རྒྱ་ཡིག་རིགས་གཉིས་ཀྱི་དྲ་ཕྲན། འཕྲིན་ཕྲན། པོད་ཕྲན། བརྙན་ཕྲན།  གངས་ལྗོངས་ཉི་གཞོན་བོད་རྒྱ་ཡིག་རིགས་གཉིས་ཀྱི་འཇུག་སྒོ་གཉིས་བཅས་ཕྲན་འཕྲིན་བརྒྱད་དང་འཇུག་སྒོ་གཉིས་སོགས་འཕྲིན་སྦྱོར་བརྒྱུད་ལམ་སྣ་མང་སྤྱད་དེ་རྒྱ་ཆེ་བའི་ཀློག་པ་པོ་རྣམས་ཀྱི་བསམ་བློའི་རིག་གནས་གྱ་ནོམ་ཅན་དུ་གཏང་བར་འབད་པ་བྱེད་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1