སི་ཁྲོན་མི་རིགས་སྐད་ཡིག་ལས་ཀའི་ལས་སྒོ་གསོ་སྦྱོང་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-01


               སྤྱི་ཟླ་7པའི་ཚེས་29ཉིན་ནས་ཚེས་31ཉིན་བར། སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་མཛད་པའི་སི་ཁྲོན་ཞིང་ཆེན་མི་རིགས་སྐད་ཡིག་ལས་ཀའི་ལས་སྒོ་གསོ་སྦྱོང་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། 

ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་རིག་གནས་ཚན་ཁག་གི་མཚན་འཛིན་ཨུ་ཡོན་སུན་ཧོང་ཁེ་ཡིས་འཆད་ཁྲིད་གནང་བཞིན་པ།། 

             ཐེངས་འདིའི་གསོ་སྦྱོང་ཚོགས་འདུར་རྒྱལ་ཁབ་དམངས་ཨུའི་སློབ་གསོ་ཚན་རྩལ་ཁང་གི་འགོ་གཙོ་ཐེན་ལེན་ཀང་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་རིག་གནས་ཚན་ཁག་གི་མཚན་འཛིན་ཨུ་ཡོན། ཀྲུང་གོའི་མི་རིགས་སྐད་ཡིག་ཚོགས་པའི་ཚོགས་གཙོ་སུན་ཧོང་ཁེ། ལྷོ་ནུབ་མི་རིགས་སློབ་ཆེན་དབྱིས་རིག་སློབ་གླིང་གི་འགོ་གཙོ། སློབ་དཔོན་ཆེན་མོ་ལའོ་ཆིང་ཁྲོན་བཅས་རྒྱལ་ཁབ་རིམ་པའི་འགོ་ཁྲིད་དང་ཆེད་མཁས་པ་གདན་འདྲེན་ཞུས་ཏེ། ཁ་ཡིག་ལ་《རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལས་ཀའི་སྲིད་ཇུས་སྐོར་གྱི་བསམ་གཞིག》དང་《ཀྲུང་གོའི་མི་རིགས་སྐད་ཡིག་སྲིད་ཇུས་ཀྱི་གཞི་རྕའི་གནས་ཚུལ་དང་སྐབས་བབ་ཀྱི་གནད་དོན་འགའ།》《སྐད་རིགས་མང་པོའི་མཐོ་རིམ་སློབ་གསོ་དང་གྲངས་ཉུང་མི་རིགས་ཀྱི་དེང་རབས་ཤེས་ཡོན་པའི་གསོ་སྐྱོང་།》ཞེས་པ་སོགས་ད་ལྟའི་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་སྲུང་སྐྱོང་དང་བཀོལ་སྤྱོད་ཐད་འཕྲད་པའི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ། ཚན་རིག་དང་མཐུན་ཞིང་བློ་འབྱེད་རང་བཞིན་གྱི་འཆད་ཁྲིད་འགངས་ཆེན་གནང་།

              ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཝུན་ཀྲི་ཡིས་རང་ཞིང་གི་ཉེ་བའི་ལོ་འགའི་རིང་གི་མི་རིགས་སྐད་ཡིག་ལས་དོན་ཐད་བླངས་པའི་གྲུབ་འབྲས་ལ་ཚད་མཐོན་པོས་གདེང་འཇོག་བྱས་ཤིང་། ཀྲུང་དབྱང་དང་ཞིང་ཨུའི་མི་རིགས་ལས་ཀའི་ཚོགས་འདུའི་དགོངས་དོན་ལ་གོ་བ་གཏིང་ཟབ་དང་ཁྱོན་ཡོངས་ནས་ལག་ལེན་བྱེད་པའི་ཐད་ནས། མི་རིགས་ཀྱི་སྐད་ཡིག་ལས་ཀར་ཚད་མཐོན་པོས་མཐོང་ཆེན་གནང་རྒྱུར་འགྲེལ་བརྗོད་བྱས་པ་དང་། རང་རེའི་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལས་ཀའི་ཉམས་མྱོང་དང་ད་ལྟའི་གནས་བབ་ལ་ཕྱོགས་བསྡོམས་བྱས་པ་མ་ཟད། མ་འོངས་བའི་ལས་ཀའི་འབད་ཐབས་ལ་བསམ་འཆར་གལ་ཆེན་གནང་།

              ཞིང་ཆེན་གྱི་འབྲེལ་ཡོད་ལས་ཁུངས་དང་རྔ་བ་ཁུལ། དཀར་མཛེས་ཁུལ། ལེང་ཧྲན་ཁུལ་སོགས་མི་རིགས་ས་ཁུལ་གྱི་མི་རིགས་སྐད་ཡིག་ལས་སྒྲུབ་མཁན་དང་། སི་ཁྲོན་མི་རིགས་སློབ་གླིང་དང་རྔ་ཁུལ་དགེ་འོས་སློབ་གླིང་སོགས་མི་རིགས་སློབ་གྲྭའི་སྐད་ཡིག་ཆེད་རམས་པ་སོགས་ཁྱོན་བསྡོམས་མི་གྲངས་50ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་ཤིང་སོ་སོའི་ལས་ཁུངས་ཀྱི་གནས་ཚུལ་དང་སྦྲེལ་ཏེ་མི་རིགས་སྐད་ཡིག་ལས་དོན་སྐོར་གྱི་ཉམས་མྱོང་དང་བསམ་འཆར་བརྗེ་རེས་བྱས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1