ཀྲུང་གོའི་འཐུས་མིས་ས་ཁོངས་ཀྱི་སྒྲིག་འཛུགས་ནུས་པ་འདོན་སྤེལ་བྱས་ནས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་དགོས་ཞེས་བཤད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-22


    ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་འཐུས་མི་ལིའུ་ཅེ་དབྱིས་ཚེས་18ཉིན་ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ས་ཁོངས་དང་དེ་བཞིན་ས་ཁོངས་ཕལ་པའི་སྒྲིག་འཛུགས་དབར་མཉམ་ལས་གཏིང་ཟབ་བྱས་ཏེ་རྒྱལ་སྤྱིའི་མཉམ་སྡེབ་བདེ་འཇགས་ལམ་སྲོལ་སྲ་བརྟན་དུ་གཏོང་བ་དང་དེར་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བཤད།

     ལིའུ་ཅེ་དབྱིས་གོང་ཚེས་ཉིན་ས་ཁོངས་ཀྱི་སྒྲིག་འཛུགས་དང་དེང་སྐབས་གོ་ལ་ཧྲིལ་པོའི་བདེ་འཇགས་ལ་འགྲན་སློང་བྱེད་པའི་གནད་དོན་ཐད་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡོངས་བསྒྲགས་ངང་རྩོད་གླེང་བྱེད་པའི་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས་ཞི་བདེ་དང་འཕེལ་རྒྱས་ནི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་ཡང་འཛམ་གླིང་འདི་ཉིད་སྔར་བཞིན་ཞི་བདེ་མེད་པ་དང་ཆ་ཤས་ཀྱི་གཡོ་འགུལ་གཡས་འཇགས་གཡོན་ལངས་ཡིན་པ་དང་། འཇིགས་སྐུལ་རིང་ལུགས་དང་། རིམས་ནད་ཚབས་ཆེན། རང་བྱུང་གནོད་འཚེ་སོགས་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་འགྲན་སློང་རིམ་བཞིན་ཐོན་བཞིན་ཡོད། རྒྱལ་ཁབ་ཁག་ཁྱེད་ཀྱི་ཁྲོད་བདག་གནས་པ་དང་བདག་གི་ཁྲོད་ཁྱེད་གནས་པའི་ལས་དབང་གཅིག་མཐུན་ཚོགས་པར་དེ་བས་གྱུར་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་ས་ཁོངས་དང་དེ་བཞིན་ས་ཁོངས་ཕལ་པའི་སྒྲིག་འཛུགས་ཀྱིས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན།》གྱི་གཏན་འབེབས་དོན་ཚན་བརྒྱད་པ་ལྟར་མཉམ་ལས་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་སྤྱིའི་མཉམ་ལས་བདེ་འཇགས་ལམ་སྲོལ་སྲ་བརྟན་དུ་གཏོང་བ་དང་དེར་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་ཐུན་མོང་སྲུང་སྐྱོང་བྱེད་པ་བཅས་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བཤད།

     ལིའུ་ཅེ་དབྱིས་འདོད་ཚུལ་གསུམ་བཏོན་པ་སྟེ། དང་པོ་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན།》མཛུབ་ཁྲིད་དུ་བྱེད་པ་དང་གཞི་འཛིན་སར་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་ས་ཁོངས་ཀྱི་སྒྲིག་རྩ་འཛུགས་བྱ་སྤྱོད་དེ་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དམིགས་ཡུལ་དང་རྩ་དོན་དང་འཚམ་པ་བྱེད་དགོས་པ་དང་ལྷག་པར་དུ་རྒྱལ་ཁབ་ཁག་གི་བདག་དབང་དང་། རང་ཚུགས། མངའ་ཁོངས་ས་ཆ་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་པའི་རྩ་དོན་དང་འཚམ་པ་བྱེད་དགོས་པ་དང་། གཉིས་པ་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཁ་གསབ་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ས་ཁོངས་ཀྱི་སྒྲིག་འཛུགས་ཀྱིས་རང་ངོས་ཀྱི་ཉམས་མྱོང་དང་དེ་བཞིན་ས་ཁོངས་དང་། ལོ་རྒྱུས། རིག་གནས་སོགས་ཐད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ས་ཁུལ་གྱི་རྩོད་གཞི་ཐག་གཅོད་བྱེད་པར་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱེད་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ། གསུམ་པ་མཉམ་ལས་གཉིས་ཁེ་དང་ཐུན་མོང་འཕེལ་རྒྱས་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། རྒྱལ་ཁབ་ཁག་གིས་གཉིས་ཁེ་གཉིས་ཕན་གྱི་འདུ་ཤེས་གསར་པ་འཛུགས་དགོས་པ་དང་རང་ངོས་ཀྱི་ཁེ་ཕན་དོན་གཉེར་བྱ་སྐབས་ཕར་ཕྱོགས་ཀྱི་ཁེ་ཕན་ལ་ལྟ་རྟོག་བྱས་ཏེ་རང་ངོས་ཀྱི་འཕེལ་རྒྱས་འཚོལ་ཞིབ་བྱེད་སྐབས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བཅས་རེད།

     ལིའུ་ཅེ་དབྱིས་འདི་ལོའི་ལོ་སྨད་དུ་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱིས་ཚོགས་འདུ་སྐབས་དྲུག་པ་འཚོགས་ནས་ཞི་བདེ་དང་བདེ་འཇགས་དེ་ཚོགས་འདུའི་གལ་ཆེའི་གྲོས་གཞིར་འཇོག་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་གླིང་ཆེན་ཨ་ཧྥེ་རི་ཁ་དང་མཉམ་དུ་དེ་གོ་སྐབས་སུ་འཛིན་ནས་ཀྲུང་གོ་དང་གླིང་ཆེན་ཨ་ཧྥེ་རི་ཁའི་ཞི་བདེ་དང་བདེ་འཇགས་མཉམ་ལས་ཀྱི་རོགས་ཟླའི་གྲོས་འགོ་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་བྱས་ཏེ་ཆབ་སྲིད་ཐད་ནས་གླེང་མང་བའི་གནད་དོན་ཐག་གཅོད་བྱས་ཐོག་གླིང་ཆེན་ཨ་ཧྥེ་རི་ཁ་སྐམ་སའི་ཞི་བདེ་དང་། བརྟན་ལྷིང་འཕེལ་རྒྱས་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་བཤད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1