བརྒྱད་ཅུའི་རྒན་མོ་རྭ་ཅོ་ཅན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-28


        བོད་ཀྱི་ལོ་རྒྱུས་སུ་རྒྱལ་པོ་འུ་དུམ་བཙན་ལ་གླང་རྭ་ཡོད་པར་བརྗོད་དེ་ཆེས་ངན་པར་བརྩི། དོན་དངོས་ཀྱི་འཚོ་བའི་ཁྲོད་དངོས་གནས་རྭ་ཅོ་སྐྱེས་པའི་མི་མཐོང་མྱོང་ངམ། དེ་རིང་འདི་ནས་ཙི་གཡང་གྲོང་ཁྱེར་ཨན་གཡེ་རྫོང་དུ་ལོ་བརྒྱད་ཅུར་སོན་པའི་རྒན་མོ་ཞིག་གི་གཙུག་ཏུ་ཚངས་ཐིག་ལི་སྨི་དྲུག་ལྷག་ལྡན་ལ་རིང་ཚད་ལི་སྨི་བཅུ་གསུམ་ཡོད་པའི་སྙུང་དབྱིབས་ཅན་གྱི"རྭ་ཁེར་སྐྱེས"ཤིག་ཡོད་པའི་སྐོར་གྱི་གསར་འགྱུར་ཐོན་འདུག

རྒན་མོ་ལིང་ཞུའུ་ཀྲིན་གྱི་རྭ།

       ཁོ་མོའི་མིང་ལ་ལིང་ཞུའུ་ཀྲིན་ཟེར་ཞིང་ད་ལོར་གྱ་བདུན་ལ་སོན། སྡོད་གནས་ཨན་གཡེ་རྫོང་ཀྲིན་ཙེ་གྲོང་བརྡལ་ཀུའེ་ཡན་ཡུལ་ཚོ་གཉིས་བར་མཆིས། ཁོ་མོར་རྭ་འདི་འདྲ་ཞིག་སྐྱེས་པ་གང་ལ་ཐུག་ཅེ་ན། མོའི་བུ་ཝང་ཁྲོ་ཅུན་གྱིས་འདང་ཞིག་རྒྱབ་རྗེས་ན་རེ། ཕལ་ཆེར་ལོ་ངོ་བདུན་བརྒྱད་ཀྱི་ཡར་སྔོན་ཞིག་ལ་ཨ་མའི་གཙུག་གི་སྨེ་བ་ནག་པོར་ཟ་འཕྲུག་ལངས། བཟའ་མི་ཚོས"འབུ་འཇོམས་རྩྭ"དང་བསིལ་བྱེད་སྣུམ་རིགས་བྱུགས་ནས་ཟ་འཕྲུག་འཇགས་ཐབས་བྱས་ཅེས་ཟེར། ཁོས་མུ་མཐུད་དུ"བྱེད་ཐབས་འདི་ནི་ང་ཚོའི་འདི་ནས་ཆེད་ཕན་བཅོས་ཐབས་ཤིག་ཏུ་བགྲང་ལ། བྱུགས་རྗེས་ཟ་འཕྲུག་འཇགས་པར་ཡང་ཕན་པས་ཡུན་རིང་བོར་ཐབས་འདི་སྤྱད་ནས་བསྡད། "འོན་ཀྱང་ན་ནིང་སྨེ་བའི་ཤུལ་ནས་ལི་སྨི་གཅིག་གཉིས་ཙམ་ཡོད་པའི་མཛུབ་ཆུང་གི་ཆེ་ཆུང་ཙམ་གྱི"རྭ་ཅོ"ཞིག་སྐྱེས་མོད། མུ་མཐུད་ཆེར་མ་སོང་། "ང་ཚོ་སྨན་ཁང་དུ་བརྟག་དཔྱད་ལ་སོང་ཡང་སྨན་པར་ཅི་ཡིན་ལབ་རྒྱུ་མི་འདུག རྗེས་ནས་མུ་མཐུད་རིང་དུ་མ་ཕྱིན་བས་ང་ཚོས་ཀྱང་དོ་སྣང་མ་བྱས"ཞེས་བརྗོད།

     འོན་ཏེ། ད་ལོའི་ཟླ་གཉིས་པའི་མཇུག་ཏུ་ཝང་ཁྲོ་ཅུན་གྱིས་ཨ་མའི་སྐྲ་འཁྲུད་སྐབས་སེམས་ཆུང་མ་བྱས་པར"རྭ"གཡུགས་སོང་། "དེ་རྗེས་སྔོན་གྱི་རྭ་ཤུལ་དུ་རྭ་གསར་བ་ཞིག་བྱུང་"ཞེས་བརྗོད་ལ། རྭ་གསར་བ་འདི་སྟོབས་ཀྱིས་འཕར་བས་ཟླ་དྲུག་གི་རིང་ད་ལྟའི་ཚུལ་འདི་ལྟ་བུ་བྱུང་ཟེར།

མིག་སྔར་རྒན་མོ་འདིའི་རྭ་འདིར་ཚངས་ཐིག་ལི་སྨི་དྲུག་ལྷག་ལྡན་ལ་རིང་ཚད་ལི་སྨི་བཅུ་གསུམ་ཡོད་པའི་སྙུང་དབྱིབས་ཅན་ཞིག་ཏུ་ཆགས། རྭ་འདིའི་རྩེ་མོ་ལུག་གི་རྭ་དང་འདྲ་ལ་རྩ་བ་དམར་ཤད་ཆེ་བས་ཁྲག་གིས་རྣམ་པར་མངོན། མོའི་བུས་ལན་རེར་དགོང་མོར་གཟེར་དྲགས་པས་གཉིད་ལས་ལོག་པའི་གནས་ཚུལ་ཡང་ཡོད་ཚུལ་བརྗོད་འདུག

སྨན་པས་བརྟག་དཔྱད་བྱེད་བཞིན་པ།

       སྤྱི་ཟླ་བརྒྱད་པའི་ཚེས་ཉེར་ལྔ་ཉིན། གྲོང་བརྡལ་དང་ཡུལ་ཚོའི་ལས་སྣ་བའི་འགྲོ་རོགས་འོག་ཝང་ཁྲོ་ཅུན་གྱིས་ཨ་མ་ཁྲིད་ནས་ཨན་གཡེ་རྫོང་མི་དམངས་སྨན་ཁང་དུ་བསྐྱོད། ཝང་ཁྲོ་ཅུན་ན་རེ།"སྨན་པས་གསུངས་པ་ལྟར་ན། ཨ་མའི་གཙུག་གི་རྭ་འདི་ནི་ཀོའི་རྭ་ཡིན་སྲིད་ལ། སྐྲན་དུ་འགྱུར་ཡང་སྲིད་པ"མ་ཟད། སྨན་པས་ཁོར་རྒན་མོའི་ལུས་པོས་ལྕོགས་ན་གཅོད་ལེན་བཤགས་བཅོས་བྱ་ཆོག་ལ།བཤགས་བཅོས་མ་ཡིན་པའི་གསོ་ཐབས་སྤྱད་ཀྱང་རུང་ཟེར།

     ཀུའེ་ཡན་ཡུལ་ཚོའི་ཧྲུའུ་ཅིས་ཀྱང"སྔོན་ལ་སྨེ་བ་ཙམ་ཡིན། ད་ལོར་ཁོ་མོར་འཚམ་འདྲིར་བསྐྱོད་སྐབས་ད་གཟོད་གཙུག་ཏུ་རྭ་འདུག་པ་ཤེས"ཞེས་བརྗོད། རྒན་མོའི་རྐང་ལག་འཚམ་པོ་མེད་པས་ཡར་མར་འགྲོ་དུས་སྐྱོར་དགོས་མོད། ནད་རིགས་ལྕི་མོ་མེད་པས་ཁམས་བདེ་ཐང་ཡིན་འདུག་སྐད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1