༄༅།། འཛམ་གླིང་ཐོག་དཀོན་པའི་བབས་སྒྲུང་མཁས་ཅན་རྣམས་ཀྱི་ངོ་མཚར་ཆེ་བའི་ཁྱད་ཆོས་ལ་དཔྱད་པ།

དུང་དཀར་བློ་བཟང་འཕྲིན་ལས། རྩོམ་སྒྲིག་པ།སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-17


 
ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ནོར་བུའི་བང་མཛོད་ནང་ནས་རྩ་ཆེའི་རིན་ཐང་ལྡན་པའི་བོད་ཀྱི་རིག་གནས་ཀྱི་ཆ་ཤས་གལ་ཆེའི་གྲས་གེ་སར་སྒྲུང་ནི་སྙན་ཚིག་དང་སྒྲུང་གཏམ་ཟུང་དུ་འབྲེལ་བའི་སྒྲུང་གཏམ་རིང་པོ་ཞིག་ཡིན་པའི་ཐོག་ཚིག་སྦྱོར་གསོན་ཉམས་ལྡན་ཞིང་།སྙན་འཇེབས་ཡིད་དབང་འཕྲོག་པའི་གཏམ་རྒྱུད་དང་། གོ་སླ་ཞིང་དོན་གསལ་བའི་གཏམ་དཔེ།ཉམས་འགྱུར་གསལ་པོར་མངོན་པའི་སྙན་ངགདུས་སྐབས་སོ་སོའི་སྤྱི་ཚོགས་ཀྱི་སྣང་ཚུལ་ལག་མཐིལ་གྱི་དངོས་པོ་ལྟར་སྟོན་པའི་གཏམ་རྒྱུད་དང་གཏམ་དཔེ་བཅས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད།རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་ཁྱད་ཆོས་དམིགས་བསལ་ཅན་གྱི་སྒྲུང་མཁན་མཁས་པ་མང་པོ་སྔར་བྱུང་ཟིན་པ་དང་།ད་ལྟ་ཡང་ཐོན་དང་ཐོན་བཞིན་པ་རེད།ལྷག་པར་དུ་གེ་སར་གྱི་སྒྲུང་མཁན་མཁས་པ་རྣམས་ལ་འཛམ་གླིང་ཐོག་མཐོང་དཀོན་པའི་དམིགས་བསལ་གྱི་ཁྱད་ཆོས་མི་འདྲ་བ་ཡོད་པ་དེར་ཚང་མས་དོ་སྣང་ཆེན་པོ་གནང་སྟེ།ཁྱད་ཆོས་དེ་དག་གི་འབྱུང་རྐྱེན་དང་།ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་ཉིད་ཁག་ལ་ཞིབ་འཇུག་བརྟག་དཔྱད་གནང་འགོ་ཚུགས་ཏེ་རང་རང་གི་དགོངས་འཆར་ཆེད་རྩོམ་ཐོག་སྤེལ་གནང་མཛད་པ་འགའ་ཞིག་ཀྱང་ཁོ་བོས་མཇལ་བྱུང་བ་དེས་རང་ཉིད་ཀྱི་བློ་སྒོ་ཆེན་པོ་ཕྱེ་བར་ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་བས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིགརང་ལ་ལྟ་ཚུལ་མི་འདྲ་བ་ཁ་ཤས་ཡོད་པ་རྣམས་འདིར་ཕེབས་མཁས་དབང་རྣམ་པར་དཔྱད་གཞིའི་ཚུལ་དུ་ཞུ་རྒྱུ་ཡིན།
1.གེ་སར་སྒྲུང་མཁན་རྣམས་ཀྱི་ནང་ནས་བབས་སྒྲུང་གསུང་མཁན་རྣམས་ཀྱི་ཁྱད་ཆོས་སྐོར།བབས་སྒྲུང་བཤད་མཁན་ནི་སྒྲུང་མཁན་ནང་ནས་ཅུང་ཟད་དཀོན་པའི་གྲས་ཡིན་པ་དང་།བཤད་པའི་སྒྲུང་ནི་སྒྲུང་མཁན་གཞན་དག་གིས་བཤད་པའི་སྒྲུང་ལས་ལྡབ་ཁ་ཤས་ཀྱིས་མང་བ་ཡོད་པ་དང་།དེའི་ནང་ནས་སྐུ་གཤེགས་ཟིན་པའི་སྒྲུང་མཁན་གྲགས་ཅན་གྲགས་པ་ལགས་དང་།
ད་ལྟ་འཚོ་བཞུགས་ཚེ་རིང་དབང་འདུས་ལགས་སོགས་བབས་སྒྲུང་བཤད་མཁན་མང་ཆེ་བར་ཐུན་མོང་གི་ཁྱད་ཆོས་འགའ་ཤས་ཡོད་པ་སྟེ།(1)  ལོ་དགུ་དང་བཅུ་ཡས་མས་ཀྱི་བྱིས་པའི་དུས་ནས་ཕ་མ་གཉིས་འདས་ནས་དྭ་ཕྲུག་ཆགས་ཏེ་ས་གནས་གཞན་དུ་ཡུལ་གྱར་ལྟོ་སློང་གི་སྦྲང་པོའི་འཚོ་བ་སྐྱེ་མྱོང་བ།(2)དབུས་གཙང་ཁམས་གསུམ་གྱི་ས་གནས་མང་ཆེ་བར་འགྲོ་མྱོང་བ། (3)འཚོ་བའི་ཆེད་དུ་གེ་སར་གྱི་སྒྲུང་དང་དམངས་ཁྲོད་གྱི་གླུ་བཏང་བ་སོགས་བྱེད་མྱོང་བ། (4)ལོ་དགུ་བཅུ་ཡས་མས་སུ་སླེབས་སྐབས་རྨི་ལམ་ངོ་མཚར་ཅན་རྨིས་ཏེ་ཉིན་ཤས་རིང་ནད་པ་ལྟ་བུ་ཆགས་པ་དང་།དེ་ནས་གཉིད་སད་པ་ལྟ་བུར་གེ་སར་གྱི་སྒྲུང་རིགས་མི་འདྲ་བ་མང་པོ་བཤད་རྒྱུ་ཡོད་པ་ཞིག་ཏུ་གྱུར་པ།(5)བློ་འཛིན་ནུས་པ་གཞན་དང་མི་འདྲ་བ་བཅས་ཡིན།གོང་གསལ་ཁྱད་ཆོས་དེ་དག་ནི་རྒྱུན་ལྡན་སྤྱིར་བཏང་གི་མི་གཞན་དག་ལ་མེད་པས་ཁྱད་ཆོས་དམིགས་བསལ་ཅན་ཞིག་ཡིན་སྟབས།མི་ཚང་མས་དེ་ལ་ཡ་མཚན་དང་ཧ་ལས་པའི་སྣང་བ་ཞིག་རང་ཤུགས་ཀྱིས་ཤར་གྱི་ཡོད།འོན་ཀྱང་དེ་འདྲའི་དམིགས་བསལ་གྱི་ཁྱད་ཆོས་དེར་སྒྲུང་པ་རང་ཉིད་ཀྱིས་ངོས་འཛིན་བྱས་པ་ལྟར་ན།གེ་སར་ལ་སོགས་པའི་རང་གིས་དད་པ་བྱེད་སའི་ལྷ་དེའི་བྱིན་རླབས་དང་ནུས་པ་ལ་བརྟེན་ནས་བྱུང་བའི་གསལ་བཤད་བྱེད་ཀྱི་ཡོད་པ་དང་།མི་ཁག་གཅིག་གིས་ཁོང་རྣམ་པ་སྐྱེས་བོ་ཕལ་པ་གཞན་དང་མི་འདྲ་བར་གེ་སར་དང་།དཔའ་རྟུལ་གྲགས་ཅན་དེ་དང་དེ་འདྲའི་སྤྲུལ་པ་ཡིན་པ(གྲགས་པ་ལགས་ཀྱིས་རང་ཉིད་ལྷ་རྟ་ངང་པའི་སྐྱེ་བ་ཡིན་པར་ངོས་འཛིན་བྱས་ཡོད)འམ་སྐྱེས་བུ་དམ་པ་ཞིག་ཡིན་པར་ངོས་འཛིན་བྱས་པ།ཡང་འགའ་ཞིག་གིས་སྐྱེས་སྟོབས་ཀྱི་ཤེས་རབ་ཡོད་པའི་མི་ཁྱད་པར་ཅན་ཞིག་ཡིན་པ་བཅས་ཀྱི་ངོས་འཛིན་བྱས་ཏེ་རང་རང་སོ་སོས་རྒྱུ་མཚན་འདྲ་མིན་སྣ་ཚོགས་གསུང་གི་ཡོད་པ་རེད།དེར་བརྟེན་ཁོ་བོ་ལ་ཡང་གོང་གསལ་རྣམས་དང་གཏན་ནས་མི་འདྲ་བའི་ལྟ་ཚུལ་ཞིག་བྱུང་བའི་སྐབས་འདིར་གླེང་རྒྱུ་ཡིན།
2.ཐོག་མར་བབས་སྒྲུང་བཤད་མཁན་ཚོར་ཐུན་མོང་གི་ཁྱད་ཆོས་ལྔ་ཡོད་པའི་ནང་ནས་ཁྱད་ཆོས་གཙོ་བོ་ནི།ལོ་དགུ་བཅུ་ཡས་མས་ཀྱི་བྱིས་པའི་དུས་སྐབས་སུ་གེ་སར་སྒྲུང་གི་ནང་དོན་དང་འདྲ་བའི་རྨི་ལམ་བཏང་བའམ།ཡང་ན།གེ་སར་གི་སྤྲུལ་བས་པོ་ཏི་མང་པོ་ཁོག་པའི་ནང་བཅུག་པའི་གཉིད་ལམ་བཏང་བ་དེ་ནས་སྒྲུང་མང་པོ་ཐོགས་པ་མེད་པར་བཤད་ཤེས་མཁན་ཞིག་ཏུ་གྱུར་བ་དེ་ཡིན་པས་སྐབས་འདིར་རྨི་ལམ་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཞུབ་འཇུག་མི་བྱེད་ཀ་མེད་རེད།དེའི་ཐད་ལ་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ནས་རྨི་ལམ་ལ་ཁྱད་ཆོས་གང་ཡོད་པ་དང་།དེའི་འབྱུང་རྐྱེན་གང་ཡིན་པ་བཅས་བཤད་ཡོད་པ་ལས་དོན་ཚན་དང་པོ་གཉིས་མ་གཏོགས་གླེང་མི་དགོས་པས་དོན་ཚན་དེ་གཉིས་བཤད་ན།རྨི་ལམ་གྱི་ཁྱད་ཆོས་ནི་སྔར་གོམས་འདྲིས་བྱུང་བའི་དངོས་པོ་དང་།སྔར་གོམས་འདྲིས་བྱུང་མེད་པའི་དངོས་པོ།ད་ལྟ་གོམས་འདྲིས་བྱེད་མུས་ཡིན་པའི་དངོས་པོ་བཅས་རིགས་གསུམ་ཀ་རྨི་ལམ་ནང་རྨིས་ཐུབ་པ།རྨི་ལམ་ནང་གི་ལུས་དེ་ཡིད་ལུས་ཡིན་པས་རང་ཉིད་གང་འདོད་པར་སླེབས་ཐུབ་པ།སྦྱོང་བརྡར་བྱས་ན་ཉིན་མོ་རང་ཉིད་ཀྱིས་གང་བྱས་པ་ལྟར་རྨི་ལམ་ནང་དུ་བྱེད་ཐུབ་པ་བཅས་ཀྱི་ཁྱད་ཆོས་བཞི་ཡོད།རྨི་ལམ་གྱི་འབྱུང་རྐྱེན་ནི། གཉིད་འཐུག་པོ་ཁུག་ན་རྨི་ལམ་ཡོང་མི་སྲིད་པ་དང་།རྩ་ཁམས་གཉིས་མགྲིན་པའི་ནང་དུ་སླེབས་ན་གཉིད་ཅུང་ཟད་སྲབ་ཏུ་སོང་བ་དང་དུས་མཚུངས་དྲན་པ་གསལ་དུ་འགྲོ་བས་དེ་དུས་རྨི་ལམ་ཡོང་གི་ཡོད་པ།སྐབས་དེར་རང་གི་འགྲམ་དུ་མི་གཞན་དག་གིས་སྐད་ཆ་བཤད་པ་དང་།སྒྲ་ཐོས་བྱུང་ན་གཉིད་སད་མགྱོགས་པ་བཅས་ཀྱི་དུས་སྐབས་དེར།རང་གིས་སྔར་གང་བྱས་པ་དང་ད་ལྟ་གང་བྱེད་མུས་ཡིན་པ།རྗེས་སུ་བྱེད་རྒྱུ་ཡིན་པ་བཅས་ཀྱི་རྨི་ལམ་འཆར་ཐུབ་ཅིང་།སྤྱིར་བཏང་གི་རྨི་ལམ་མང་ཆེ་བ་གནས་ཚུལ་དང་པོ་གཉིས་ཀྱི་རིགས་ཡིན།སྐབས་དེར་རང་གིས་དེ་སྔ་གོམས་འདྲིས་བྱེད་མ་མྱོང་བའི་གནས་ཚུལ་འཆར་ཐུབ་པའི་རྒྱུ་མཚན་ནི་རྩ་ཁམས་ཀྱི་ནུས་པ་མ་ཉམས་པའི་མི་ཉུང་ཤས་ལ་ཡོང་ཐུབ་པ་མ་གཏོགས་སྤྱིར་བཏང་གི་མི་ལ་མི་ཡོང་བར་བཤད།
དེང་སང་གི་ཚན་རིག་ཐོག་ནས་བཤད་པ་ལྟར་ན། སྔར་གོམས་འདྲིས་བྱུང་བའི་རིགས་དང་།ད་ལྟ་གོམས་འདྲིས་བྱེད་མུས་སུ་ཡོད་པའི་རིགས་གཉིས་མ་གཏོགས།གོམས་འདྲིས་གཏན་ནས་མེད་པའི་རིགས་རྨི་ལམ་ནང་འཆར་མི་ཐུབ་པར་བཤད།
སྒྲུང་མཁན་གྲགས་པ་ལགས་དང་ཚེ་རིང་དབང་འདུས་ལགས་གཉིས་སྒྲུང་ཧ་ཅང་མང་པོ་བཤད་ཤེས་པའི་དུས་མཚམས་ནི།ལོ་དགུ་ནས་བཅུ་ཡས་སུ་རྨི་ལམ་ཡ་མཚན་ཅན་དེ་འདྲ་རྨིས་རྗེས་སུ་ཡིན་ཅིང་།དེའི་གོང་དུ་ཁོང་རྣམ་གཉིས་ཀྱིས་རང་ཉིད་ཀྱི་ལྟོ་གོས་འཚོ་ཐབས་ཆེད་དུ་སྒྲུང་ཐེངས་མང་པོ་བཤད་ཡོད་ཀྱང་།ཚང་མ་དེ་སྔ་རང་གིས་གོ་མྱོང་བའི་སྒྲུང་ཤ་སྟག་ཡིན་ཚོད་འདུགརྨི་ལམ་ཡ་མཚན་ཅན་དེ་བྱུང་བའི་རྗེས་སུ་རང་གིས་སྔར་བཤད་མི་ཤེས་པའི་སྒྲུང་ཧ་ཅང་མང་པོ་བཤད་ཤེས་མཁན་ཞིག་ཏུ་གྱུར་བ་དང་།དེ་ཚོའི་ནང་ནས་ཁ་ཤས་དེ་སྔ་གཞན་གྱིས་བཤད་མྱོང་བ་འདྲ་ཡིན་ན་མ་གཏོགས།མང་ཆེ་བ་དེ་སྔ་སུས་ཀྱང་བཤད་མྱོང་མེད་པ་ཤ་སྟག་ཡིན་པ་དང་།ལྷག་པར་སྒྲུང་མཁན་གྲགས་པ་ལགས་ཀྱིས་སྐུ་གཤེགས་ཁར་བཤད་པའི་འབའ་ལ་རྒྱལ་པོའི་སྒྲུང་ནི་ཁོང་གིས་ཚེ་འདིར་ཐེངས་གཅིག་པོ་དེ་ལས་བཤད་མ་མྱོང་ཟེར་གི་ཡོད་ཅིང་།དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་བཙན་པོའི་དུས་རབས་ཏེ།དུས་རབས་བརྒྱད་པའི་དཀྱིལ་དུ་བོད་ཀྱི་རྒྱལ་པོ་དང་འབའ་ལ་རྒྱལ་པོའི་བར་བྱུང་བའི་དམག་འཁྲུག་གི་ལོ་རྒྱུས་དང་འབྲེལ་བ་ཡོད་པ་ཞིག་ཡིན་པས།དེ་སྔ་སྒྲུང་མཁན་གཞན་དག་གིས་གཏན་ནས་བཤད་མྱོང་མེད།དེ་སྔ་སྒྲུང་མཁན་གཞན་དག་གིས་གཏན་ནས་བཤད་མ་མྱོང་མེད་པའི་སྒྲུང་དེ་འདྲ་མང་པོ་ཞིག་ཁོང་རྣམ་པའི་རྨི་ལམ་གྱི་ནང་དུ་བློ་ལ་འཆར་བ་ཡིན་ནམ།རྨི་ལམ་ཡ་མཚན་ཅན་དེ་བཏང་ནས་གཉིད་སད་པའི་རྗེས་སུ་གློ་བུར་དུ་སེམས་ལ་འཆར་བ་གང་ཡིན་ཟེར་ན།ཁོང་རྣམ་པ་རང་ཉིད་ཀྱི་གསུང་ཚུལ་ལྟར་ན་རྨི་ལམ་དེ་ལས་སད་པའི་རྗེས་ལ་གློ་བུར་དུ་བྱུང་བ་ཡིན་འདུགཁོང་རྣམ་པར་བྱུང་བའི་གློ་བུར་གྱི་གནས་ཚུལ་ཡ་མཚན་ཅན་དེ་སྔར་ནས་ཡོད་པའི་དྲན་པའི་བློ་འཛིན་གྱི་ནུས་པ་དེ་རྨི་ལམ་གྱི་རྐྱེན་ལ་བརྟེན་ནས་སྔར་ལས་ཚད་མཐོ་བའི་འཕུར་མཆོང་གསར་པ་ཞིག་ཡིན་པ་བརྗོད་མ་དགོས་པ་རེད།
3.གོང་གསལ་འཕུར་མཆོང་གསར་པ་དེ་སྤྱིར་བཏང་གི་མི་སུ་ལ་ཡང་མེད་པའི་སྐྱེས་སྟོབས་ཀྱི་ཤེས་རབ་ཡིན་ནམ།
དེ་མིན་གྱི་སྟོབས་ཤུགས་གཞན་ཞིག་ཡོད།དེའི་སྐོར་ལ་བློ་མཐུན་མང་པོ་ཞིག་གིས་གསུང་དོན་དུ་ཁོང་རྣམ་པར་བྱུང་བའི་བློ་འཛིན་གྱི་ནུས་པའི་འཕུར་མཆོང་གསར་པ་དེ་དམིགས་བསལ་གྱི་ནུས་པ་ལྡན་པའི་སྐྱེས་སྟོབས་ཀྱི་ཤེས་རབ་ཡིན་པས་སྐྱེས་བུ་དམ་པ་ཞིག་ཡིན་ན་མ་གཏོགས་གང་ཟག་ཕལ་པ་ཞིག་ལ་དེ་འདྲ་གཏན་ནས་ཡོང་མི་སྲིད་ཅེས་གསུངས་འདུག
ངས་བསམས་པར།ཁོང་རྣམ་པར་སྤྱིར་བཏང་གི་མི་དང་མི་འདྲ་བའི་བློ་འཛིན་གྱི་ནུས་རྩལ་མཐོན་པོ་ཡོད་པ་དེ་ཁོང་རྣམ་པར་སྐྱེས་སྟོབས་ཀྱི་ཤེས་རབ་དམིགས་བསལ་ཅན་ཞེས་ཡོད་པར་བརྟེན་ནས་བྱུང་བ་མིན་སྙམ།གང་ཡིན་ཟེར་ན། སྐྱེས་སྟོབས་ཤེས་རབ་ཀྱི་ཁྱད་ཆོས་ནི།རང་གིས་ཤེས་པའི་ཤེས་ཡོན་སྣ་གཅིག་པོ་དེས་སྣེ་ཁྲིད་བྱས་ཏེ་ཤེས་ཡོན་དེ་དང་འབྲེལ་པ་ཡོད་པའི་ཕྱོགས་མང་པོའི་རིག་གནས་ཤེས་མཁན་ཞིག་ཏུ་འཕེལ་རྒྱས་འགྲོ་བ་མ་གཏོགས་རང་གིས་དོ་སྣང་དང་དགའ་ཞེན་བྱེད་པ་དེ་གཅིག་པུའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་ཞིག་མིན།བབས་སྒྲུང་བཤད་མཁན་གྱི་སྒྲུང་པ་རྣམས་ཀྱི་བློ་འཛིན་ནུས་རྩལ་དེ་རང་གིས་དགའ་ཞེན་བྱེད་པའི་གེ་སར་གྱི་སྒྲུང་དེ་ཡི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་མ་གཏོགས།རིག་གནས་གཞན་དག་བསླབས་ན་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན་པ་དེའི་ཐོག་ནས་ཁོང་རྣམ་པའི་བློ་འཛིན་གྱི་ནུས་པ་དེ་སྐྱེས་སྟོབས་ཀྱི་ཤེས་རབ་དང་གཏན་ནས་མི་འདྲ་བ་གསལ་བོར་མཐོང་ཐུབ་ཀྱི་ཡོད་པས་དེ་ལ་མི་བརྗེད་པའི་གཟུངས་ཀྱི་ཐོག་ནས་འགྲེལ་བཤད་བྱས་ན་གནས་ཚུལ་དངོས་དང་མཐུན་པ་མ་ཟད།དེ་འདྲའི་མི་བརྗེད་པའི་གཟུངས་ཡོད་མཁན་ནི་སྐྱེས་སྟོབས་ཀྱི་ཤེས་རབ་ཡོད་མཁན་བརྒྱ་ཐམ་པའི་ནང་རེ་གཉིས་ཙམ་མ་གཏོགས་པ་མེད་པས་ཧ་ཅང་གི་དཀོན་པོ་རེད།སྤྱིར་བཏང་མི་ཡི་རིགས་རྣམས་བྱིས་པའི་དུས་ཀྱི་ལོ་བདུན་བརྒྱད་ནས་བཅུ་དྲུག་ཙམ་ལ་མ་སླེབས་བར་རྩ་ཁམས་གསལ་བར་བརྟེན།བློ་འཛིན་གྱི་དྲན་ཤེས་བརྟན་པོ་ཡོད་ཅིང་ལྷག་པར་བྱིས་པ་འགའ་ཞིག་ལ་དུས་སྐབས་དེའི་རིང་རྨི་ལམ་ཡ་མཚན་ཅན་མང་པོ་འཆར་ཐུབ་པ་དང་དངོས་སུ་ལྷ་འདྲེའི་གཟུགས་བརྙན་དང་།སྔར་མཐོང་མ་མྱོང་བའི་ཡུལ་ཁམས་སྣ་ཚོགས་ཀྱི་འཆར་སྣང་འོང་རྒྱུ་ཡོད་ཅིང་སྐབས་དེར་གནས་ཚུལ་སྣ་ཚོགས་ལ་དབྱེ་ཞིབ་བྱེད་པའི་ནུས་པ་ཞན་པོ་ཡོད་པ་བཅས་ཀྱི་དངོས་ཡོད་ཁྱད་ཆོས་གཞིར་བཟུང་ནས་དགེ་རྒན་ཉམས་མྱོང་ཅན་མང་པོས་དུས་སྐབས་དེའི་བྱིས་པའི་བསམ་བློའི་ཁྱད་ཆོས་དམ་འཛིན་བྱས་ཏེ།གཞོན་ནུའི་དུས་སུ་སློབ་ཁྲིད་བྱ་རྒྱུའི་རྨང་གཞིའི་ཤེས་ཡོན་གྱི་རྩ་ཚིག་ཁག་རྣམས་གང་ཐུབ་ཅི་ཐུབ་ཀྱིས་བློ་འཛིན་བྱེད་དུ་འཇུག་གི་ཡོད་ཅིང་།ལོ་ན་གཞོན་ནུར་སླེབས་རྗེས་བློ་འཛིན་གྱི་ནུས་པ་ཞན་དུ་སོང་ཡང་གནད་དོན་ལ་དབྱེ་ཞིབ་བྱེད་ནུས་རྩལ་རིམ་པས་མཐོ་རུ་སོང་བའི་འགོ་ཚུགས་པར་བརྟེན།སྔར་བློ་འཛིན་བྱས་ཟིན་པའི་སྡོམ་ཚིག་ཁག་ལ་འགྲེལ་བཤད་དང་སློབ་ཁྲིད་གནང་གི་ཡོད།དེ་འདྲའི་བསམ་བློའི་ནུས་རྩལ་གྱི་འགྱུར་ལྡོག་དེ་མིའི་གཟུགས་ཁམས་འཕེལ་རྒྱས་ཀྱི་གནས་ཚུལ་དང་འབྲེལ་ཧ་ཅང་དམ་པོ་ཡོད་པའི་དབང་གིས།སྤྱིར་བཏང་མི་མང་ཆེ་བ་ལོ་ན་བཞི་བཅུ་ཡོལ་རྗེས་དྲན་ཤེས་ཀྱི་ནུས་པ་ཉམས་པའི་འགོ་ཚུགས་ཏེ་བརྗེད་ངས་ཆེ་རུ་འགྲོ་གི་ཡོད།
དྲན་ཤེས་ཀྱི་ཁྱད་ཆོས་ནི། གོམས་འདྲིས་བྱུང་བའི་བྱ་དངོས་ནམ་ཡང་མི་བརྗེད་པ་དང་།རང་གིས་དོ་སྣང་དང་དགའ་ཞེན་ཡོད་པའི་ཕྱོགས་དེ་ནམ་ཡང་མི་བརྗེད་པ།རང་གི་དོ་སྣང་དང་དགའ་ཞེན་མེད་པའི་རིགས་སྐབས་འཕྲལ་བློ་ལ་ངེས་ཀྱང་དེ་མ་ཐག་ཏུ་བརྗེད་འགྲོ་བ་དེ་འདྲ་ཞིག་ཡིན་པ་མ་ཟད།ལུས་པོའི་སྟོབས་ཤུགས་ཞན་དུ་སོང་བ་དང་ཆབས་ཅིག་དྲན་ཤེས་ཀྱང་རིམ་བཞིན་ཉམས་འགྲོ་གི་ཡོད་པས།དྲན་ཤེས་ཀྱི་ནུས་པ་དམིགས་བསལ་ཅན་ཡོད་པའི་མིའི་གཟུགས་ཁམས་ཆགས་ཚུལ་དེ་ཡང་གཞན་དང་མི་འདྲ་བ་ཡོད་པ་ཐག་བཅད་ནས་བཤད་ཐུབ།འོ་ན་དྲན་ཤེས་ཀྱི་ནུས་རྩལ་མཐོན་པོ་ཡོད་པའི་བགྲེས་སོང་ཁག་གཅིག་ལོ་ན་བདུན་ཅུ་ལྷག་ཙམ་ལ་སླེབས་ཀྱང་གཟུགས་པོ་སྔར་བཞིན་ཐང་པོ་ཡོད་པ་དང་།ཁག་གཅིག་གཟུགས་པོ་ཐང་པོ་མེད་པ་དཔེར་ན།སྒྲུང་མཁན་སྐུ་གཤེགས་གྲགས་པ་ལགས་དགུང་ལོ་ཧ་ཅང་མཐོན་པོར་ཕེབས་ཡོད་ཐོག་དྲན་ཤེས་ཀྱི་ནུས་རྩལ་ཉམས་མེད་ཀྱང་སྐུ་གཟུགས་དེ་ཙམ་ཐང་པོ་མེད་པ་བཅས་ཀྱི་གནས་ཚུལ་དེའི་ཐོག་ནས་མིའི་དྲན་ཤེས་ཀྱི་ནུས་རྩལ་དང་།གཟུགས་པོའི་བདེ་ཐང་གཉིས་འབྲེལ་བ་མེད་པ་གསལ་བཤད་བྱུང་བ་མ་རེད་དམ་ཟེར་ན།མིའི་གཟུགས་ཁམས་ཆགས་ཚུལ་ནི་སྣེ་མང་རྙོག་འཛིང་ཅན་ཞིག་ཡིན་པ་དང་།འགྱུར་ལྡོག་ཡོད་པ་ཕྱོགས་གཅིག་ཉམས་ཀྱང་། ཕྱོགས་གཞན་གོང་འཕེལ་འགྲོ་བ།ཁག་གཅིག་རྒྱུན་ལྡན་ལྟར་གནས་པ་བཅས་ཀྱི་གནས་ཚུལ་སྣ་ཚོགས་ཡོད་པ་དེ་དག་ཚང་མ་རང་རང་སོ་སོའི་གཟུགས་ཁམས་ཆགས་ཚུལ་དང་འབྲེལ་བ་མེད་པ་གཏན་ནས་མི་སྲིད་ཅིང་།ལོ་ན་མཐོན་པོར་སླེབས་ཀྱང་དྲན་ཤེས་སྔར་བཞིན་ནུས་རྩལ་ཉམས་མེད་པ་དེ་ཡང་ལོ་ན་གཞོན་དུས་རང་ཉིད་ཀྱི་དགའ་ཞེན་དང་དོ་སྣང་བྱེད་པའི་ཕྱོགས་དང་།ཡང་ན་ད་ལྟ་རང་གིས་དགའ་ཞེན་བྱེད་པའི་ཕྱོགས་ལྟ་བུ་ཡིན་པ་ལས།ཕྱོགས་མང་པོའི་ཐད་ལོ་ན་གཞོན་པའི་དུས་སྐབས་དང་མི་འདྲ་བར་ཉམས་རྒུད་སོང་ཟིན་བས་ལུས་སེམས་གཉིས་ཀྱི་འཕེལ་རྒྱས་དང་།ཉམས་རྒུད་ནི་རྒྱུ་འབྲས་ལྟ་བུའི་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན།དེར་བརྟེན་ངས་ངོས་འཛིན་བྱས་དོན་དུ།རྒྱུན་ལྡན་སྤྱིར་བཏང་གི་མི་དང་མི་འདྲ་བའི་ཁྱད་ཆོས་དམིགས་བསལ་ཅན་གྱི་མི་ལ་དེང་རབས་ཚན་རིག་གི་གཟུགས་ཁམས་རིག་པའི་ཐོག་ནས་བརྟག་དཔྱད་བྱས་ན་ལྐོག་གྱུར་གྱི་མི་ལ་དེང་རབས་ཚན་རིག་གི་གཟུགས་ཁམས་རིག་པའི་ཐོག་ནས་བརྟག་དཔྱད་བྱས་ན་ལྐོག་གྱུར་གྱི་སྟོབས་ཤུགས་གང་འདྲ་ཞིག་གི་ནུས་པ་ལ་བརྟེན་ནས་བྱུང་བ་ཡིན་མིན་སྐོར་ད་ལྟ་གསལ་བཤད་མ་ཐུབ་ཀྱང་།ནམ་ཞིག་གསལ་བཤད་བྱེད་ཐུབ་པའི་དུས་ཤིག་ཡོང་རྒྱུར་ཡིད་ཆེས་ཡོད།
གོང་དུ་ཞུགས་པ་རྣམས་གེ་སར་སྒྲུང་མཁན་གྱི་ནང་ནས་ངོ་མཚར་ཆེ་བའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པའི་བབས་སྒྲུང་གི་སྒྲུང་མཁན་རྣམས་ཀྱི་གནས་ཚུལ་ལ་བརྟག་དཔྱད་ཕྲན་བུ་བྱས་པའི་ཐོག་མའི་བསམས་ཚུལ་སྤྲོ་ཙམ་ཞིགའདིར་ཕེབས་མཁས་དབང་རྣམ་པར་དཔྱད་གཞིར་ཕུལ་བ་ལགས་ན་ནོར་འཁྲུལ་ཡོད་རིགས་སྐྱོན་བརྗོད་དང་དགོངས་འཆར་ལྷུག་པོར་གནང་བ་ཞུ་རྒྱུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1