༄༅།། གླིང་ཡུལ་དང་སྡེ་དགེའི་མངའ་ཁོངས་ཀྱི་འཕོ་འགྱུར་བཤད་པ།

མི་གསལ། རྩོམ་སྒྲིག་པ།འོད་ཟེར།ཡོང་ཁུངས།སྨིན་དབུས་པོའི་དྲ་བ། སྤེལ་དུས། 06-17



 གཅིག གནའ་བོའི་གླིང་གི་མངའ་ཁོངས་བཤད་པ།
           གནའ་དུས་སྡེ་དགེ་རྒྱལ་པོས་དབང་བསྒྱུར་བྱ་ཡུལ་ནི།   བོད་གངས་ཅན་ལྗོངས་ཀྱི་ཤར་ཕྱོགས་ཆུ་བོ་ཆེན་པོ་འབྲི་ཆུའི་ཤར་ནུབ་གཉིས་སུ་ཆགས་ཡོད་ཅིང༌།   དེང་དུས་ས་གཤིས་རིག་པ་ལྟར་ན་ཨེ་ཤའི་ཡའི་གླིང་གི་མདོ་དབུས་མཐོ་སྒང་གི་དབུས་སུ་ཤར་ཐིག་90¬100 བར་དང༌།   བྱང་ཐིག་ 31¬33 བར་དུ་ཆགས་ཡོད།   གནའ་བོའི་ཡིག་ཆ་རྣམས་སུ་བཤད་པ་ལྟར་ན།   བོད་ཡུལ་འདིར་མདོ་དབུས་ཁམས་གསུམ་དུ་དབྱེ་བའི་ལུགས་སྲོལ་ལྟར་ན་ཁམས་ཕྱོགས་ཀྱི་ཁོངས་དང༌།   མདོ་སྟོད་སྨད་གཉིས་སུ་དབྱེ་སྐབས་མདོ་སྨད་ཀྱི་ཁོངས་སུ་ཕྱེས་ཡོད་པ་རེད།   དེ་ཡང་མདོ་སྟོད་ནི་སོག་ལ་སྐྱ་བོ་མན་ཆད་དང༌།   རྨ་ཆུའི་ཁུག་པ་ཡན་ཆད་མདོ་སྟོད་མིའི་ཆོལ་ཁ་ཟེར་བ་དང༌།   མདོ་སྨད་ནི་རྨ་ཆུའི་ཁུག་པ་མན་ཆད་ནས།   རྒྱའི་མཆོད་རྟེན་དཀར་ཆུང་ཡན་ཆད་ལ་མདོ་སྨད་རྟའི་ཆོལ་ཁ་ཞེས་ཟེར།   དེས་ན་ཡུལ་འདི་རྨ་ཆུ་ཁུག་པའི་ས་ཐིག་གི་འོག་ཏུ་གནས་ཡོད་པ་འདྲ།   སྔར་གྱི་ཡིག་རྙིང་རྣམས་སུ་ཁམས་སྡེ་དགེའི་རྒྱལ་ཁམས་དང༌།   མདོ་སྨད་སྡེ་དགེའི་རྒྱལ་ཁམས་ཞེས་གཉིས་ཀ་བྲིས་ཡོད་པ་འདི་ནི་དོན་ལ་ས་ཁོངས་དབྱེ་སྲོལ་མི་འདྲ་བའི་ལུགས་གཉིས་ཡིན་པ་ཤེས་སླ།   《སྡེ་དགེ་རྫོང་གི་ལོ་རྒྱུས་དེབ་ཐེར》ལས།   “ལྕགས་ར་སྡེ་ཤོག་ལྷས་དགེ་གྲོང་གི་གནའ་ཤུལ་དར་གླིང་སོགས་ལས་རྙེད་པའི་གནའ་རྫས་ལ་བརྟགས་ན།   ཧ་ལམ་སྤྱི་ལོའི་སྔོན་གྱི་དུས་རབས་10་པ་ཙམ་ན་ཡུལ་འདིར་འཚོ་སྡོད་བྱ་མཁན་གྱི་སྤྱོད་ཆས་ཡིན་པར་རྟོགས།  ” ཞེས་གསལ།   སྤྱི་བཏང་ཉེ་དུས་ཆབ་མདོ་ཁ་རོ་དང༌།   བྲག་མགོ་ཁ་ས་མཚོའི་གནའ་ཤུལ་དང་གནའ་དར་རྙེད་པའི་གནའ་རྫས་རྙིང་པ་དག་ལ་བརྟགས་ན་ཡུལ་འདིར་བོད་མིའི་འགྲོ་བ་འཚོ་སྡོད་བྱས་ཡོད་པ་མ་ཟད།   གནའ་བོའི་བོན་ལུགས་ཀྱི་འབྱུང་རྩིས་རིག་གནས་དེ་དར་ཁྱབ་ཆེན་པོ་བྱུང་ཡོད་པའི་རྟགས་མཚན་མང་པོ་ཡོད་པ་རེད།   འོན་ཀྱང་དུས་དེར་ཡུལ་འདིའི་མིང་ལ་གང་ཟེར་བ་དང༌།   ཡུལ་དེའི་མངའ་བདག་གང་ཞིག་ཡོད་པར་ལོ་རྒྱུས་ཡིག་ཆ་དག་ལས་ད་ཕན་གསལ་པོར་མ་མཐོང༌།   ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་ཡུལ་འདིར་ཁམས་ཀློང་ཐང་ཞེས་འབོད་ཅིང༌།   སྡེ་འབངས་དང་རིག་གནས་ཀྱི་ལྟེ་གནས་ལྟ་བུ་དེ་དེང་དུས་འདན་ཁོག་གི་ཡུལ་འདི་ཡིན་འདུག  གནའ་བོའི་ཡིག་ཆ་མང་ཆེ་བའི་ནང་ལྡན་ཁོག་ཅེས་འབྲི་སྲོལ་ཡོད་ཅིང༌།   ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཡུལ་སྟོད་སྨད་ཀུན་གྱི་ས་ཁོངས་བདག་ཏུ་བཟུང་ཆེད།   མཐའ་འདུལ་དང༌།   ཡང་འདུལ།   རུ་གནོན་བཅས་ཀྱི་ལྷ་ཁང་བཅུ་གཉིས་བཅས་བཞེངས་པའི་སྐབས་སུ་རུ་གནོན་གྱི་ལྷ་ཁང་བཞིའི་ཡ་གྱལ་ཁམས་ཀློང་ཐང་སྒྲོལ་མ་ལྷ་ཁང་ཡུལ་འདིར་བཞེངས་པ་ད་ལྟ་ཡང་གནས་ཡོད་པ་རེད།   རྒྱ་ནག་གི་ས་ཁྲ་རྙིང་པའི་ནང་དུ་ཡུལ་འདིར་གླིང་ཞེས་བོད་སྐད་རང་སོར་དུ་རྒྱ་ཡིག་བྲིས་འདུག  ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་དངོས་སློབ་གྲུབ་པ་ཐོབ་པའི་རྗེ་འབངས་ཉེར་ལྔའི་ནང་གི་ལྡན་མ་རྩེ་མང་ཡང་ད་ལྟའི་འདན་ཁོག་གི་ཡུལ་འདིར་འཁྲུངས་པ་ཡིན་འདུག དེ་ཡང་ཁམས་ཀློང་ཐང་ཞེས་པ་ནི་དེང་དུས་འབྲི་ཆུ་ཤར་ནུབ་ཀྱི་ཁམས་ཕྱོགས་ཡུལ་གྲུ་ཕལ་ཆེའི་སྤྱི་མིང་ཞིག་ཡིན་པ་དང༌།   འབྲི་ཆུའི་སྨད་ཕྱོགས་ཀྱི་སྡེ་དགེ་དང༌།   དཔལ་ཡུལ་སོགས་ཀྱི་རོང་ཁུལ་འདི་དག་ལ་མདོ་ཁམས་རོང་ཆེན་བཅོ་བརྒྱད་ཀྱི་ཡ་གྱལ་རྔོད་ཨ་རབ་རོང་ཞེས་འབོད་སྲོལ་ཡོད་པ་སི་ཏུ་ཆོས་འབྱུང་གི་རྣམ་ཐར་ལས་གསལ།  
   ཧ་ལམ་བོད་རྒྱལ་གླང་དར་མ་བཀྲོངས་ནས་བོད་སིལ་བུར་འཐོར་བ་དང་ཡུལ་འདིར་གླིང་གི་ཁྱིམ་རྒྱུད་དེ་མངའ་ཐང་དང་སྟོབས་འབྱོར་རྒྱས་པའི་འགོ་ཚུགས།   དེ་རྗེས་མི་རབས་ཁ་ཤས་ཀྱི་རྗེས་སུ་གླིང་གི་ཁྱིམ་རྒྱུད་དེ་སྟོད་གླིང་གསེར་པ་མཆེད་བརྒྱད།   བར་གླིང་འོམ་བུ་ཚོ་དྲུག  སྨད་གླིང་མུ་སྤྱང་སྡེ་བཞི་ཞེས་བྱུང་ཞིང་འབྲི་ཟླ་ཟལ་མོའི་སྒང་གི་ཡུལ་གྲུ་སྟོད་སྨད་ཀྱི་ཞིང་འབྲོག་གི་སྡེ་པ་ཐམས་ཅད་གླིང་གི་བདག་ཏུ་བཟུང་ཡོད་ཅིང༌།   སྡེ་དགེའི་དཔོན་རབས་དང་པོ་བོ་ཐར་བཀྲ་ཤིས་སེང་གེ་ཡུལ་འདིར་སྡེ་དཔོན་ཐོག་མར་གྱུར་སྐབས་ཡུལ་འདིའི་སྤྱིའི་དཔོན་པོ་གླིང་དཔོན་ཟེར་བས་བདག་ཏུ་བཟུང་ཡོད་ཚུལ་སྡེ་དགེའི་རྒྱལ་རབས་ལས་གསལ།   རབ་བྱུང་དང་པོའི་ས་སྟག་སྤྱི་ལོ་1038ལོར་སྨད་གླིང་མུ་སྤྱང་སྡེ་བཞི་ལ་གླིང་གེ་སར་འཁྲུངས།   དགུང་ལོ་བཅུ་གསུམ་སྐབས་གླིང་གི་རྒྱལ་པོར་གྱུར།   སྤྱི་ལོ་1119ལོར་སྐུ་གཤེགས།   གླིང་གེ་སར་རྒྱལ་པོས་གླིང་ཡུལ་དབང་བསྒྱུར་སྐབས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་གྲུ་མང་པོ་ལ་དམག་བརྒྱབས་པའི་སྒྲུང་དང་ལོ་རྒྱུས་མང་པོ་ཡོད་པ་རེད།   འོན་ཀྱང་དོན་དངོས་གླིང་གིས་དབང་བསྒྱུར་བྱ་ཡུལ་དེ་དེང་དུས་ཀྱི་དཔལ་ཡུལ་དང༌།   འཇོ་མདའ།   སྡེ་དགེ ཟླ་ཆུ་ཁ།   ལབ་ཁྲི་འདུ།   མགོ་ལོག་རྨ་ཆེན་སོགས་ཀྱི་ཡུལ་གྲུ་འདི་དག་ཡིན་པ་ལོ་རྒྱུས་ཡིག་རྙིང་ཁག་ལས་གསལ།   མདོར་ན་བོད་སིལ་བུའི་སྐབས་ (སྤྱི་ལོ་841¬1265བར།  )་དང༌།   ས་སྐྱའི་སྲིད་སྐྱོང་སྐབས་དང་། (སྤྱི་ལོ་1265¬1349བར།)ཕག་གྲུའི་སྲིད་སྐྱོང་སྐབས་དང་། (སྤྱི་ལོ་1349-1618བར།  )   བཅས་ལ་དེང་དུས་སྡེ་དགེ་གཙོས་པའི་ཁམས་ཕྱོགས་ཀྱི་ཡུལ་འདི་དག་གཙོ་བོ་གླིང་ཆེན་པོས་བདག་ཏུ་བཟུང་ཡོད་ཅིང༌།   འདི་ལ་ལོ་རྒྱུས་ཡིག་ཆ་ཁག་ལས་གླིང་འགུ་ཟི་རྒྱལ་པོ་དང༌།   གླིང་ཚང་རྒྱལ་པོ་ཡང་ཟེར།   དེང་དུས་སྡེ་དགེ་རྫོང་ཁོངས་སུ་གཏོགས་ལ།   གླིང་ཚང་གི་གདུང་རབས་65པ་འཇིགས་མེད་དབང་འདུས་ད་ལྟ་རྒྱ་ནག་ཁྲེན་ཏུར་ཞལ་བཞུགས་བཞིན་པ་འདི་ཡིན།  
གཉིས།   གླིང་གི་མངའ་ཁོང་ལ་སྡེ་དགེའི་རྒྱལ་རབས་དར་ཚུལ།
དེང་དུས་ཡོངས་གྲགས་ཀྱི་བཤད་སྲོལ་ལྟར་ན་སྡེ་དགེའི་རྒྱལ་རབས་དང་པོ་ནི་བོ་ཐར་བཀྲ་ཤིས་སེང་གེ་ཡིན་ཞིང༌།   བོ་ཐར་བཀྲ་ཤིས་སེང་གེའི་གོང་གི་མི་རབས་རྣམས་ཀྱི་གནས་ཚུལ་མདོར་བསྡུས་ན།   འདིའི་མི་རབས་ཀྱི་ཐོག་མ་ནི།   དེང་དུས་ཁམས་དར་རྩེ་མདོའི་ས་ཁོངས་ཤར་བཞག་ར་ལྷ་རྩེའི་རྩེ་ལ་ནམ་མཁའ་ནས་མི་ཞིག་བབས་པར་དེ་ལ་མགར་གནམ་ཚ་འབྲུག་ཅེས་བཏགས།   དེ་ནས་མི་རབས་བཞི་པ་མགར་སྟོང་བཙན་ཡུལ་སྲུངས་ཞེས་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ནང་བློན་རྒྱལ་སྲིད་ཀྱི་ཀ་བ་ལྟ་བུ་དེ་ཡིན།   སྤྱི་ལོ667ལོར་བློན་པོ་མགར་འདས།   མགར་ལ་བུ་བཞི་ཡོད་པར་མགར་ཁྲི་འབྲིང་གིས་ཕའི་གོ་གནས་བཟུང༌།   གཞན་གསུམ་གྱིས་དམག་དཔོན་བྱས་ཞེས་ཐང་ཡིག་ལས་གསལ།   སྤྱི་ལོ་696ལོར་ཡས་མས་ན་མགར་ཁྲི་འབྲིང་སྤུན་གཉིས་ཀྱིས་བོད་ཀྱི་སྲིད་དབང་ཕལ་ཆེར་བཟུང་ཡོད་པ་སྟེ།   མགར་ཁྲི་འབྲིང་གིས་རྒྱལ་པོའི་ཕོ་བྲང་གི་དབང་ཆ་ཕལ་ཆེར་བཟུང༌།   མགར་བཙན་བྲོད་ཀྱིས་ཐང་དང་འབྲེལ་བའི་ཤར་ཕྱོགས་ཀྱི་ས་ཆ་བདག་ཏུ་བཟུང༌།   སྤྱི་ལོ་699པའི་ས་ཕག་ལོར་བཙན་པོ་འདུས་སྲོང་མང་རྗེས་བློན་ཆེན་ལོ་ཡོན་དང་ལྐོག་གྲོས་བྱས་ཏེ་རི་དྭགས་རྔོན་དུ་འགྲོ་བ་ལ་ཁ་གཡར་ནས་དམག་བསྡུས།   མགར་ཁྲི་འབྲིང་ཕྱི་ཕྱོགས་སུ་ཡོད་པའི་སྐབས་དང་བསྟུན་ནས་ཁྲི་འབྲིང་དང་འབྲེལ་བ་ཟབ་པའི་དམག་ཉིས་སྟོང་ལྷག་བཟུང་ནས་བསད།   དེ་ནས་ཕོ་ཉ་མངགས་ཏེ་མགར་ཁྲི་འབྲིང་སྤུན་གཉིས་ཀ་སྐད་བཏང་ཡང་བཀའ་ལ་མ་བརྩིས།   དེར་བཙན་པོས་རུ་སྣ་དྲངས་ཏེ་རྒོལ་ཏུ་ཕྱིན་པར།   མགར་ཁྲི་འབྲིང་གིས་གཡུལ་མ་སྤྲད་པར་རང་སྲོག་བཅད།   དུས་མཚུངས་ཁོང་དང་སྙིང་ཉེ་བའི་དམག་བརྒྱ་ལྷག་ཙམ་རང་སྲོག་བཅད་པར་གྲགས།   མགར་བཙན་བྲོད་ཀྱིས་འཁོར་སྟོང་ཕྲག་གཅིག་ལྷག་དང༌།   གཅེན་པོའི་སྲས་མང་པོ་རྗེ་སྟག་ཚབ་སོགས་ཁྲིད་དེ་ཐང་ལ་མགོ་འདོགས་ཞུས།   རྒྱལ་མོ་ཝུ་ཙེ་ཐེན་གྱིས་སྐུ་སྲུང་དང་དམག་དཔུང་མཁར་གྱི་ཕྱི་རོལ་བར་དུ་མངགས་ཏེ་བསུ་བ་བྱས།   མགར་གྱི་ཁྱིམ་རྒྱུད་མང་པ་ཁམས་ཕྱོགས་སུ་ཡུལ་བྱོལ་སོང་བར་རིམ་བཞིན་དེང་གི་དཔལ་ཡུལ་རྫོང་གི་ས་དམར་ཡུལ་འདིར་འབྱོར་ཏེ་གནས་གཞིས་ཆགས།   འགྲོ་མགོན་ཆོས་འཕགས་ཧོར་ཡུལ་དུ་ཕེབས་སྐབས་མགར་བསོད་ནམས་རིན་ཆེན་ལས་ཚན་བཅུ་གསུམ་གྱི་གྲལ་དུ་བཅུག་སྟེ་སྐུ་འཁོར་དུ་ཁྲིད།   ཕྱིར་བོད་དུ་ཕེབས་རྗེས་ས་དམར་སྟོང་དཔོན་གྱི་གོ་གནས་གནང༌།   སྤྱི་ལོ་1370ཡས་མས་ཙམ་ན་བདེ་ཆེན་བསོད་ནམས་བཟང་པོའི་མ་ཡུམ་གྲོང་པའི་དགེ་སྦྱོར་སྒྲིབ་སྦྱོང་གི་ཆེད་དུ་ཀཿ་ཐོག་དགོན་དུ་ཕེབས།   དེ་ནས་ཡར་སྟོད་ཕྱོགས་སུ་ཕེབས་འདོད་ཡོད་པ་དང་དུས་མཚུངས་སུ།   ཀཿཐོག་གྲུབ་ཐོབ་ཆོས་ཀྱི་རྡོ་རྗེས་ཁྱོད་རང་འདི་ནས་ཡར་སོང་དང་ལུང་པ་བཀྲ་ཤིས་པའི་རྟགས་ཀྱི་དགེ་མཚན་ཡོད་པ།   ཆུ་བོ་ཤར་ཕྱོགས་ནས་འབབ་པའི་གནས་དེར་ཁྱོད་ཀྱིས་གཞིས་ཟུངས་དང༌།   ས་བཙན་གྱི་གོང་བར་བཟུང༌།   སྡེ་ཆེན་གྱི་དཔོན་པོ་བྱེད།   རྒྱུད་པ་ཇེ་བཟང་དུ་འགྲོ་ཞེས་ལུང་བསྟན་པ་ལྟར་ཕེབས་པས།   ལྕགས་ར་སླེབས་པ་དང་ཡུལ་དེར་གླིང་དཔོན་ཆེན་པོ་བདག་དྲུང་གིས་དབང་བསྒྱུར་བྱས་ནས་བཞུགས་ཡོད་པའི་སྐབས་དང་འཁེལ།   བདེ་ཆེན་བསོད་ནམས་བཟང་པོ་གླིང་དཔོན་གྱི་མདུན་བློན་བྱ་རྒྱུའི་གོ་སྐབས་ཐོབ།   དུས་དེར་ཡུལ་ལ་དགེ་མཚན་མང་པོ་འཆར་བས་བསོད་ནམས་བཟང་པོ་ལ་སྡེ་དགེ་ཞེས་པའི་མཚན་ཐོགས།   འདི་ལ་སྲས་བཞི་བྱུང་བར་གཞན་རྣམས་ཀྱི་མཚན་མ་གསལ།   ཡོངས་གྲགས་ཀྱི་བརྒྱུད་འཛིན་པ་བོ་ཐར་བཀྲ་ཤིས་སེང་གེ་ཡིན།   སྐབས་དེར་སྤྱི་འབྲི་ཆུ་སྟོད་སྨད་ཀྱི་ཡུལ་ཕྱོགས་འདི་དག་གི་དཔོན་པོ་འགུ་ཟི་གླིང་ཚང་རྒྱལ་པོ་ཡིན་ཞིང༌།   དེའི་མངའ་ཁོངས་ཀྱི་ས་གནས་སོ་སོའི་དཔོན་དུ་གླིང་དཔོན་ཞེས་པ་བསྐོ་ཡོད་པར་གསལ་ཏེ།   སྡེ་དགེའི་རྒྱལ་རབས་སུ་ལྕགས་རའི་གླིང་དཔོན་བདག་དྲུང་དང༌།   རྨེ་ཤོད་གླིང་དཔོན་དུ་སི།   མཁར་མདོའི་གླིང་དཔོན་སོགས་ཀྱི་གནས་ཚུལ་ཐ་ཐོར་འཁོད་ཡོད་པ་ལྟ་བུ་རྣམས་སོ།   བོ་ཐར་བཀྲ་ཤིས་སེང་གེ་ལ་སྡེ་དགེའི་རྒྱལ་རབས་དང་པོའི་མིང་ཐོགས་ཚུལ་ནི།   ཐོག་མར་ཁོང་ལ་བུ་མོ་ཤིན་ཏུ་མཛེས་མ་ཞིག་འཁྲུངས་པར་གླིང་དཔོན་གྱིས་ཁབ་ཏུ་བཞེས།   དེའི་ལན་དུ་འཁོར་ལོ་མདོ་ནས་ལྕགས་རའི་སྙན་མདའ་ཡན་གྱི་ས་སྡེའི་བདག་པོར་གྱུར།   སྤྱི་ལོ་1440ཡས་མས་ཙམ་ན་དངུལ་ཕུའི་མདའ་འདིར་ཕོ་བྲང་བཞེངས་ཏེ་བཞུགས་གནས་ཆགས།   རབ་བྱུང་བདུན་པའི་མེ་སྟག་སྤྱི་ལོ་1446ལོར་གྲུབ་ཆེན་ཐང་སྟོང་རྒྱལ་པོ་གདན་དྲངས་ནས་ཐང་རྒྱལ་ལྷ་ཁང་བཞེངས།   རྒྱལ་པོ་འདིའི་དུས་སུ་སྡེ་དགེའི་ལྷུན་གྲུབ་སྟེང་དུ་དགེ་འདུན་པའི་བཞུགས་གནས་གྲྭ་ཁང་བརྒྱ་དང་བརྒྱད་འཕེལ་རྒྱས་བྱུང་ཞེས་སྡེ་དགེའི་རྒྱལ་རབས་ལས་གསལ།   སྡེ་དགེའི་དཔོན་རབས་དང་པོ་བོ་ཐར་གྱིས་སྲིད་སྐྱོང་བའི་སྐབས་འདིར་བོད་གཞུང་གི་ཕག་གྲུའི་སྡེ་སྲིད་བདུན་པ་གྲགས་པ་འབྱུང་གནས་ (སྲིད་སྐྱོང་དུས1432¬1445) དང་ཡབ་ཆེ་ས་སངས་རྒྱས་རྒྱ་མཚོ་ (སྲིད་སྐྱོང་དུས1445¬1448)།   དེའི་སྲས་ཆུང་བ་ཀུན་དགའ་ལེགས་པ (སྲིད་སྐྱོང་དུས1448¬1481)རྣམས་ཀྱིས་སྲིད་སྐྱོང་བའི་སྐབས་ཡིན།  
   བོ་ཐར་བཀྲ་ཤིས་སེང་གེ་ནས་བླ་ཆེན་བྱམས་པ་ཕུན་ཚོགས་བར་སྡེ་དགེའི་དཔོན་རབས་བདུན་གྱི་རིང་གླིང་འགུ་ཟི་རྒྱལ་པོའི་མངའ་འོག་གི་རྒྱལ་ཕྲན་ལྟ་བུའི་ཚུལ་དུ་གནས་ཡོད་པ་ཞིག་རེད་འདུག  བླ་ཆེན་བྱམས་པ་ཕུན་ཚོགས་ཀྱི་སྐབས་སུ་ལྕགས་རའི་གླིང་དཔོན་དང༌།   རྨེ་ཤོད་གླིང་དཔོན་སོགས་རིམ་བཞིན་དཔུང་ཤུགས་ཀྱིས་དབང་དུ་བྱས།   སྤྱི་ལོ་1639
ལོར་སོག་པོ་གུ་ཤི་ཧན་གྱིས་བེ་རི་རྒྱལ་པོ་གཏོར་རྗེས་བེ་རིའི་ས་སྡེ་རྣམས་སྡེ་དགེའི་རྒྱལ་པོ་བླ་ཆེན་བྱམས་པ་ཕུན་ཚོགས་ལ་ཕུལ་སྟབས་སྡེ་དགེའི་མངའ་ཁོངས་དེ་འབྲི་ཆུའི་ཤར་ནུབ་གཉིས་སུ་རྒྱ་བསྐྱེད།   དེའི་སྐོར་《སྡེ་དགེའི་རྒྱལ་རབས་དགེ་ལེགས་ནོར་བུའི་ཕྲེང་བ》ལས།  
སྟོབས་དང་ལྡན་ན་གོང་གི་ལེགས་ཚོགས་ཀུན།   །
འགྲུབ་པ་ནུས་པའི་དགོས་པ་དེ་གཟིགས་ནས།   །
ཐབས་ལྡན་སྙིང་རྗེ་ཁྲོས་པའི་བརྟུལ་ཞུགས་ཀྱིས།   །
དཔུང་ཚོགས་ཡན་ལག་བཞི་ལྡན་གཡུལ་བཤམས་ཏེ།   །
མ་རུང་ང་རྒྱལ་གནམ་རུ་ཤིན་ཏུ་གྱོང༌།   །
ཆེ་རློམ་གཞན་གྱིས་དགུག་ཏུ་མ་བཏུབ་རྣམས།   །
ཚོགས་གཉིས་མཐུ་རྫོགས་སྟོབས་ཤུགས་ནུས་རྩལ་གྱིས།   །
དྲག་ཤུལ་ལས་ཀྱི་རྒྱུད་པ་གྲིམ་པོ་ཡིས།   །
དཀའ་བ་མེད་པ་སྐད་ཅིག་དབང་དུ་བསྡུས།   །
ཞི་བས་འདུལ་དུ་མི་འོས་གདུག་པ་ཅན།   །
བདུད་སྤྲུལ་བདུད་ཀྱི་ལས་ལ་བརྩོན་པ་དག  །
བསད་བཅད་བསྒྲལ་བས་ངན་སོང་སྐྱེ་སྒོ་བཅད།   །
ཕྱོགས་ལས་རྣམ་རྒྱལ་འགྲན་བྲལ་སྟོབས་རྩལ་གྱི།   །
སྙན་པས་བོད་ཆེན་སྐྱེ་བོ་ཕལ་མོ་ཆེ།   །
རང་དབང་མེད་པར་སྤ་བཀོང་གུས་ཕྱག་བཅས།   །
ཞབས་ཀྱི་པདྨོ་བཙུགས་བཏུད་སྐྱབས་སུ་བཟུང༌།   །
བཀའ་གནང་ཐོད་བཅིངས་ཁམས་གསུམ་དབང་དུ་བསྡུས།   །
དཔུང་དང་སྟོབས་སྙེམས་ལྡན་པ་ས་ཡི་བདག  །
གུ་ཤྲཱི་བསྟན་འཛིན་ཆོས་ཀྱི་རྒྱལ་པོས་ཀྱང༌།   །
བླ་ཆེན་འདི་ལ་གུས་བཏུད་དཔུང་གཉེན་བཅོལ།   །
ལེགས་གསོལ་ཆབ་འབངས་མང་པོ་གུས་ཕུལ་ཞུས།  
ཞེས་དང༌།  
ཡང༌།   ཕོ་བྲང་ཁག་དང་མི་སེར་བཅས་ཀྱི་འབྱུང་ཁུངས་ལོ་རྒྱུས།   སྔོན་ལྷ་སར་དཀར་ཆག་ཏུ་གསལ་ཙམ་ཡོད་ཚོད་ཀྱང༌།   ཕྱིས་སུ་མ་ཡུམ་བདེ་གཤེགས་དེ་ཉིད་ཀྱི་སྐབས་ཕོ་བྲང་ཁང་ལས་ཞིག་གསོས་གནང་བའི་ཞར་ལ་ལྷ་སར་དཀར་ཆག་རྗེས་མེད་དུ་བསུབས་པར་མཛད་པ་དང༌།   འགའ་ཞིག་གིས་རྩོམ་པའི་ལོ་རྒྱུས་ལའང་འོབས་ཚོད་ལྟ་བུ་ལས་ཞིབ་གསལ་མེད་པ་དང༌།   ཐེ་ཚོམ་གྱི་ཆ་འགའ་ཞིག་འདུག་པ་བཅས་ཞིབ་པར་བརྗོད་རྔོ་མ་ཐོགས་ཀྱང་ས་བཅད་ཙམ་སྤྲོ་ན།   རྨེ་ཤོད་ནི་གླིང་དཔོན་དུ་སི་ཟེར་བ།   བྲ་དགེ་སོགས་ངོ་ལོག་གི་ནང་འཁྲུགས་ཐོག་བླ་ཆེན་གྱིས་དཔུང་ཤུགས་ཀྱིས་མནར་ཏེ་ཆབ་འོག་ཏུ་བསྡུས་ནས་བསད་མཁན་རྣམས་ལ་མི་སྟོང་ཡང་བཀལ་བར་མཛད་པ་སྟེ།   ད་ལྟའང་དུ་སི་བསད་སྟོང་དུ་གླིང་ཞེས་ཐོགས་འཇལ་རྒྱུན་ཡོད་འདུག  སྤེ་ཝར་ནི།   བླ་ཆེན་གྱི་དཔུང་གིས་ཆབ་འོག་ཏུ་བཅུག་ཟེར་བ་ཙམ་ལས་ས་བདག་མ་ངེས་པ་ཞིག་དང༌།   ཡང་བེ་རི་དོན་ཡོད་ཀྱི་སྡེ་དེ་ཆུས་ཉེན་ནས་བསྟན་འཛིན་ཆོས་རྒྱལ་གྱིས་སྡེ་དགེ་ལ་བསྩལ་ཟེར་སྲོལ་ཡང་མཆིས།   མཁར་མདོ་ཚུར་རི་ནི།   གླིང་དཔོན་ཞིག་གི་སྡེ་ལ་དཔོན་དེ་ཕྱོགས་གཞན་དུ་འགྲོ་ཚེ་ཚོ་མི་དྷརྨ་ཤྲཱིས་སྡེ་དགེར་བྱ་བཏང་སྟེ།   དེར་བླ་ཆེན་གྱིས་དམག་དཔུང་བཏེགས་ནས་འབངས་སུ་བྱས་པར་གྲགས།   མཁར་མདོ་ཕ་རི་ནི་བེ་རིའི་སྡེ་ཡིན་པ་སོག་པོས་ཕུལ།   ཀུ་སེ་སྡེ་རྙིང་ཉག་གཤིས་བཅས་གོ་འཇོ་དཔོན་མོའི་ཁོངས་གཏོགས་གསེར་མདོག་བླ་མ་ཟེར་བས་བདག་པ་ཞིག་ལ་བླ་ཆེན་གྱིས་ཆབ་འོག་ཏུ་བསྡུ་བར་མཛད་པ་དང༌།   སྤོ་ལུ་ཡང་གོ་འཇོ་དཔོན་མོའི་ཁོངས་གཏོགས་ཤིག་ཡིན་པ་བླ་ཆེན་ལ་སྤོ་ལུ་བླ་མ་ཀརྨས་དཀར་པོ་སུམ་ཚན་གྱིས་བརྒྱུད་ནས་མགོ་བཏགས་ཞུས།   ཀུ་སེ་སྡེ་གསར་ཡང་གོ་འཇོའི་ཁོངས་གཏོགས་ལ་བསམ་པ་ཕུན་ཚོགས།   གནས་ར་ཨ་གྲོ།   སྤྱང་ཞིང་ཕུན་ཚོགས་གསུམ་གྱིས་གོ་འཇོ་ལ་ངོ་ལོག་ནས་བླ་ཆེན་ལ་མགོ་བཏགས་ཞུས།   སྒ་རྗེ་དང་དཔལ་འབར་ཡང་སྟོང་ར་སྡེ་པའི་ཁོངས་གཏོགས་ལ་སྡེ་བཟའ་ཞིག་སྒ་རྗེར་ཕྱིར་གནང་བ་སོགས་ཀྱི་གཡོ་ཐབས་དང༌།   སྔ་ཕྱིར་དམག་དཔུང་གིས་ཆབ་འོག་ཏུ་བསྡུས་པ་བླ་ཆེན་གྱི་སྐབས་སུ་ཡིན་པར་མངོན།   དཔལ་ཡུལ་ཡང་འདི་དང་ཁོག་མཚུངས་ཤིག་ཡིན་ཚོད་འདུག  ཙམ་མདོ་ནི་དཔོན་ཆུང་གེ་འཕན་ཨི་གཞིའི་སྡེ་ཡིན་པ་བླ་ཆེན་ལ་གཙང་འབུལ་དུ་ཞུས།   དབོན་སྟོད་ཚུ་རི་ནི།   བླ་མ་ཞིག་གི་སྡེ་ཡིན་པ་དཔུང་གིས་སྤ་བཀོང་ནས་འབངས་སུ་བྱས།   ཕ་རི་ནི་བེ་སྡེ་ཡིན་པ་ལ་སོག་རྒྱལ་གྱིས་བླ་ཆེན་ལ་ཕུལ།   ཡེ་ན་ནི།   དྲུང་དཀོན་མཆོག་ལེགས་པས་བླ་ཆེན་ལ་མགོ་བཏགས་ཞུས་ནས་ཕུལ།   འཁོར་ལོ་མདོ།   རག་ཆབ།   འཛོམ་ཐོག་བཅས་གད་གཉེར་མགོ་བཏགས་ཞུས་ཁོངས་སུ་གཙང་འབུལ་ཞུས།   ལྕགས་ར་དང༌།   རབ་བརྟན་ནི་ཨ་ཡུ་མདོ་མང་དང༌།   ཀརྨ་པ་དྲུང་པ་གཉིས་བཀུམས་ཏེ་བྲན་དུ་བྱས།   ཡིད་ལྷུང་བ་ནི།   བེ་རིའི་འབྲོག་སྡེ་ལ་གུ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་སྡེ་དགེར་ལེགས་གསལ་ཕུལ།   ལྷ་རུ་དཔོན་ནི་འདི་ཕྱོགས་ནས་རྐྱ་མི་བདུན་ཕར་སོང་སྟེ་ཡིད་ལྷུང་དུ་ཆགས་པ་ལས་རིམ་གྱིས་མགོ་པར་བསྐོས་པའི་རྒྱུད་དང༌།   དེ་དག་ལས་འཕེལ་བའི་མི་རྒྱུད་རྣམས་ལ་ལྷ་སྟག་གཉིས་གྲགས་པ་ཡིན།   ལྕགས་ར་ཚེ་ཚ་ཚོ་པ་མགོན་པོ་ཟེར་བ་བཀུམས་ཏེ་བདག་གིར་མཛད།   ཧོར་པོ་ཨ་གྲོ་སྦ་ཞ་ཟེར་བའི་སྡེ་ཡིན་ཚོད་སོགས་དེ་དག་གིས་མཚོན་མདོ་སྨད་ཕྱོགས་ཀྱི་ལུས་ཅན་མཐའ་དག་བླ་ཆེན་མཆོག་གིས་མཆོག་ཏུ་དགེ་བའི་ལས་དབང་གསེར་གྱི་འཁོར་ལོའི་སྟོབས་ཤུགས་ཀྱིས་ཆབ་འབངས་སུ་གྱུར་པ་ཤ་སྟག་ཡིན་འདུག་ཀྱང་རྒྱུ་མཚན་གོང་སྨོས་བཞིན་ཞིབ་ཏུ་སྤྲོ་མ་ཤེས་པས།   སླར་རྒྱུ་མཚན་དྲང་པོ་ཁུངས་ཐུབ་འདྲ་བྱུང་ན་རིམ་གྱིས་སྤེལ་བར་སྤྲོ།  
  ཞེས་སོགས་སྡེ་དགེའི་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱི་སྐབས་སུ།   སྔར་གླིང་འགུ་ཟི་རྒྱལ་པོའི་མངའ་ཁོངས་སུ་ཡོད་པའི་ས་སྡེ་རྣམས་རིམ་བཞིན་བླ་ཆེན་གྱིས་མངའ་འོག་ཏུ་བཅུག་སྟེ།   གླིང་ཚང་ནི་སྡེ་དགེའི་རྒྱལ་ཕྲན་ཙམ་ཞིག་ཏུ་གྱུར་ཡོད་པར་གསལ།   དེ་ལྟར་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་སྡེ་དགེའི་སྲིད་སྐྱོང་བའི་དུས་ནི་ཧ་ལམ་སྤྱི་ལོ་1610¬1660བར་ཙམ་ཡིན།   སྡེ་དགེའི་ས་ཁོངས་རྒྱལ་བསྐྱེད་པའི་དུས་ནི་ཕལ་ཆེར་སྤྱི་ལོ་1630ལོ་ཡས་མན་ཙམ་ན་འགོ་བརྩམས་ཡོད་པར་སྣང༌།   སྐབས་དེར་བོད་སྲིད་གཞུང་གི་ནུས་སྟོབས་ཧ་ཅང་ཞན་པའི་དུས་ཡིན་ཏེ།   སྤྱི་ལོ་1580ལོ་ཡས་མས་ཙམ་ན་སྣེ་གདོང་དུ་ཕག་གྲུ་སྡེ་སྲིད་ཀྱི་དབང་ཤུགས་ཐམས་ཅད་ཉམས།   དེ་ནས་སྤྱི་ལོ་1618ལོའི་བར་ཞིང་ཤག་པ་ཡབ་སྲས་རྣམས་ཀྱིས་རིན་སྤུངས་པ་དང་འཐབ་ཅིང་གཙང་ཁུལ་ཕལ་ཆེར་བདག་ཏུ་བཟུང༌།   དབུས་གཙང་ས་ཁུལ་ཐམས་ཅད་དཔོན་ཁག་སོ་སོའི་དམག་འཁྲུགས་ཀྱིས་བོད་སྤྱིའི་སྲིད་དབང་དེ་མིང་ཙམ་ལས་མེད་པར་ཆགས་ཡོད།   སྤྱི་ལོ་ 1618ལོ་ནས་1642ལོའི་བར་གཙང་པ་རྒྱལ་པོས་བོད་སྲིད་ལ་དབང་བསྒྱུར་ཡང༌།   དབུས་སོག་གཉིས་ཀྱིས་དངོས་ལྐོག་ཅི་རིགས་ཀྱི་སྒོ་ནས་ཕར་རྒོལ་རྒྱུན་མི་ཆད་པར་བཟོས་སྟབས།   བོད་ཡོངས་ལ་དབང་བསྒྱུར་བྱ་ཐུབ་པའི་སྟོབས་ཤུགས་ཡོངས་སུ་རྫོགས་པ་ཞིག་ཆགས་མ་ཐུབ།   དུས་སྐབས་དེའི་རིང་ལ་སྡེ་དགེའི་བླ་ཆེན་བྱམས་པ་ཕུན་ཚོགས་ཀྱིས་སྡེ་དགེའི་རྒྱལ་ཁམས་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་ཆེན་པོ་ཞིག་བྱ་ཐུབ་པར་བྱུང་ཡོད།   རྒྱ་ཡིག་ཏུ་བྲིས་པའི་«སྡེ་དགེ་རྫོང་གི་ལོ་རྒྱུས་དེབ་ཐེར»་ལས།  
མིང་རྒྱལ་རབས་ཀྱི་མཇུག ཆིང་རྒྱལ་རབས་ཀྱི་འགོ་ཙམ་ན་སྡེ་དགེའི་ཁྱིམ་རྒྱུད་ཀྱི་སྟོབས་ཉིན་རེ་བཞིན་ཇེ་ཆེར་འཕེལ་ཏེ།   ཟིལ་ཆུའི་བར་བརྒྱུད་ཀྱི་ལུང་ཁུག་རིང་ལ་དོག་པོ་དེ་ཉིད་མི་རིང་བར་རྒྱ་བསྐྱེད་དེ།   དེང་གི་སྡེ་དགེ་རྫོང་ཡོངས་དང༌།   ཉེ་སྐོར་གྱི་དཔལ་ཡུལ།   འདན་ཁོག སེར་ཤུལ།   ཐང་ཕུག་བཅས་ཀྱི་ས་ཁོངས་དབང་དུ་བྱས་པ་རེད།   སྤྱི་ལོ་ 1746ལོར་སླེབས་དུས་ཉག་རོང་གི་ཨ་སྲེ་ཡང་ཁྲོད་ཡན་ཆད་སྡེ་དགེའི་ཁོངས་སུ་བཅད་པ་རེད།   སྐབས་དེར་སྡེ་དགེའི་ཁྱིམ་རྒྱུད་ཀྱིས་དོན་དངོས་དབང་བསྒྱུར་བྱ་བའི་ཡུལ་དེ་དེང་དུས་ཀྱི་སེར་ཤུལ་དང༌།   སྡེ་དགེ།   དཔལ་ཡུལ།   བོད་ལྗོངས་ཀྱི་འཇོ་མདའ་རྫོང་ཡོངས་དང༌།   གོ་འཇོ་དང༌།   མཚོ་སྔོན་ཡུལ་ཤུལ་གྱི་ས་སྡེ་ཁག་གཅིག་བཅས་ཚུད་ཡོད།   ཅེས་དང༌།   ཡང་ཆིང་རྒྱལ་རབས་ཀྱི་ཅ་ཆིང་(1796¬1821)ཁྲི་ལོའི་སྐབས་སུ་བྲིས་པའི་«སི་ཁྲོན་ལོ་རྒྱུས»ལས།   སྡེ་དགེའི་མངའ་ཁོངས་དེ་ཤར་ཉག་རོང་ལྕགས་མདུད་ཡན་གྱི་‘རླི་’བཞི་བརྒྱ་ལྔ་བཅུའི་བར་དང༌།   ལྷོ་ཆབ་མདོའི་བར་‘རླི’(里)་སུམ་བརྒྱ་ལྔ་བཅུ་ཚུན་ཆད།   ནུབ་རི་བོ་ཆེའི་ལ་མདོ་མན་གྱི་‘རླི་’ཉིས་བརྒྱ་བརྒྱད་ཅུའི་བར།   བྱང་གླིང་ཚང་གི་བར་‘རླི་’སུམ་བརྒྱ་དང་བཅུ་ཚུན་ཆད་དོ།   ཅེས་སོ།   ཡང༌།   《ཀྲོ་ཨེར་ཧྥང་གི་སི་ཁྲོན་མཐའ་ཁུལ་གྱི་སྙན་ཞུ》ལས།  
སྡེ་དགེའི་ས་ཁོངས་ནི་ཧ་ཅང་རྒྱ་ཆེ་བ་སྟེ།   བྱང་ཕྱོགས་ཀྱི་མཐའ་མཚམས་དེ་མཚོ་སྔོན་དང་འབྲེལ་ཞིང༌།   ཤར་གྱི་ས་མཚམས་དཀར་མཛེས་རོང་པ་ཚའི་བར་དང༌།   ལྷོའི་ས་མཚམས་འབའ་ཉུག་པ་ལ་ཡན་ཆད།   ནུབ་ཀྱི་ས་མཚམས་དེ་ཆབ་མདོའི་ཅོ་གཞུང་ལ་ཚུན་ཆད་རེད་འདུག  དེ་ཡང་སྡེ་དགེ་དང༌།   དཔལ་ཡུལ།   འདན་ཁོག སེར་ཤུལ།   ཐང་ཕུག་བཅས་རྫོང་སྒོ་ལྔའི་ཁོངས་ཀྱི་རྒྱ་ཁྱོན་དེ་‘རླི་’ཁྲི་བཅུ་བདུན་དང་སྟོང་ཕྲག་བདུན་ཉིས་བརྒྱ་བརྒྱད་ཅུ་གྱ་གཅིག་ཡོད་ཅིང༌།   (ཧ་ལམ་སྤྱི་ལེ་གྲུ་བཞི་མ་ 44320ཙམ་ཡོད།  )སྡེ་དགེའི་རྒྱལ་པོ་རང་གིས་“གནམ་སྡེ་དགེ  ས་སྡེ་དགེ”ཞེས་ས་ཁོངས་ཆེ་བ་རབ་བཏགས་བྱེད་ཅིང༌།   རང་གིས་རང་ལ་སྡེ་དགེ་རྒྱལ་པོ་ཞེས་འབོད་པ་དང༌།   སྡེ་དུད་ཁྲི་བདུན་ཡོད་པར་བཤད།  
   ཅེས་སོགས་སྡེ་དགེའི་མངའ་ཁོངས་ཀྱི་འགྲེལ་བཤད་མང་པོ་ཡོད་འདུག སྤྱི་སྡེ་དགེའི་མངའ་ཁོངས་འདིར་འཛིན་སྐྱོང་གི་ཐད་ནས་རོང་སྡེ་དང་འབྲོག་སྡེ་གཉིས་སུ་དབྱེ་ཞིང༌།   རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས་མཛད་པའི་《ཆོས་འབྱུང་འབེལ་གཏམ་》ལས།   སྨད་མདོ་ཁམས་སྒང་དྲུག་ཕལ་མོ་ཆེ་བ།   སྟོབས་ལྡན་སྡེ་དགེ་རྒྱལ་པོའི་ཆབ་འོག་ཏུ་འདུ་བའི།   རོང་སྡེ་རྫོང་ཁག་ཉེར་ལྔ།   བྱང་སྡེ་ལྷོ་རྫ་གཉིས་ཞེས་པའི།   ཞེས་སོགས་སྤྱི་ལོ་1847ལོའི་གོང་དུ་བྲིས་པའི་ལོ་རྒྱུས་ནང་དུ་རྫོང་ཁག་ཉེར་ལྔ་གསུངས་ཡོད་པ་དེ།   སྤྱི་ལོའི་དུས་རབས་བཅུ་དགུ་པའི་དུས་མཇུག་ཙམ་བྲིས་པའི་སྡེ་དགེའི་མངའ་ཁོངས་ཀྱི་ས་ཁྲའི་ནང་རོང་སྡེ་རྫོང་ཁག་སུམ་ཅུ་ཐམ་པ་འཕེལ་འདུག འོན་ཀྱང་འདི་ནི་རྫོང་སྒོ་འགའ་ཞིག་གི་མངའ་ཁོངས་ཆུང་དུ་བཏང་བ་ལས་སྡེ་དགེའི་ས་ཁོངས་རྒྱ་བསྐྱེད་པ་མིན་པར་སེམས་ཏེ།   དཔེར་ན།   འདན་ཁོག་ཕར་ཚུར་རི་གཉིས་རྫོང་གཉིས་སུ་བགོས་པ་དང༌།   དེ་བཞིན་དབོན་སྟོད་ཕར་ཚུར་རི་རྫོང་གཉིས།   མཁར་མདོ་ཕར་ཚུར་རི་རྫོང་གཉིས་བཅས་ཕྱེས་ཡོད་པས་ཤེས་སོ།   རྒྱལ་སུག་དམ་བཟང་པོས།   སྡེ་དགེ་རྒྱལ་པོའི་མངའ་ཁོངས་དེ།   འབྲོག་སྦྲ་སྒོ་ཅན་གྱི་རྫོང་ཁག་ཉེར་དང༌།   རོང་ཤིང་སྒོ་ཅན་གྱི་རྫོང་ཁག་ཉེར་ལྔ་ཞེས་རྒན་པོ་དག་གི་ངག་རྒྱུན་དུ་བཤད་སྲོལ་ཡོད།   ཅེས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1