གླུ་མ་ཚེ་རིང་གཡང་འཛོམས།

ཨོ་རྒྱན་དོན་གྲུབ། རྩོམ་སྒྲིག་པ། ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 09-21


  ལྷན་སྐྱེས་ཀྱི་མགྲིན་ངག་ལ་དབྱངས་ཅན་མའི་པི་ཝང་གི་བྱིན་རླབས་ཐོབ་པ་ལྟ་བུའི་བོད་ཀྱི་གླུ་མ་ཚེ་རིང་གཡང་འཛོམས་ནི། བོད་ཀྱི་ས་ཆེན་པོ་སྟོད་སྨད་བར་གསུམ་དུ་ཕྱེས་ཡོད་པ་ལས་བར་དབུས་གཙང་རུ་བཞི་རུ་གྲགས་པའི་ནང་ཚན་བོད་ལྗོངས་ལྷོ་ཁ་ས་ཁུལ་མེས་པོའི་གངས་དཀར་རྫོང་གི་མི་ཁྱིམ་ཕལ་བ་ཞིག་ནས་རྣམ་ཤེས་རྙིང་པ་ཞིག་གི་ཚེ་སྲོག་རྙེད་དེ་དུས་རབས་གོང་མའི་དུས་མཇུག་ཏུ་མི་ཡུལ་གྱི་ཞིང་ཁམས་འགྲིམ། བྱིས་དུས་ནས་ཡུལ་སྡེའི་རྒན་རབས་དག་གི་དྲུང་ནས་དམངས་ཁྲོད་ཀྱི་གླུ་དང་དབྱངས་རྟ་སོགས་ལ་མ་སྐུལ་ངང་གིས་འཇུག་པས་ཆུང་རྩེ་ར་གྲུ་བཞིར་འགྲིམ་སྐབས་ནས་ཆུང་གྲོགས་བྱིས་པ་དག་དང་ལྷན་དུ་ནོར་གནག་གི་སུག་རྗེས་དང་འབྲུ་དྲུག་གི་སྙེ་མའི་བར་གསེང་ནས་ཕ་ཡུལ་གྱི་དམངས་གླུ་ངག་ལ་གྱེར་བས་ཡུལ་མི་རྒན་གཞོན་ཀུན་གྱིས་བུ་མོ་ཆུང་ཆུང་འདི་ནི་རང་ཅག་ཡུལ་སྡེའི་གླུ་གར་སྒྱུ་རྩལ་ཕ་ཤུལ་བུ་ཡིས་ཟིན་མཁན་ཞིག་ཡོང་བ་ཐག་གིས་ཆོད་ཅེས་དགའ་བ་འབུམ་གྱིས་ཕྱུག་སྟེ་བསྟོད་པའི་མཐེ་བོང་བསྒྲེངས།

  ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དུངས་ཞེན་གྱི་ཕུགས་སུ་རུམ་ཞིང་མེས་པོ་ནས་མེས་པོ་བརྒྱུད་པའི་དམངས་ཁྲོད་ཀྱི་གླུ་དབྱངས་སྙན་མོ་ལྷན་སྐྱེས་ཀྱི་མགྲིན་ངག་ནས་གྱེར་ཚེ་དབྱངས་གསལ་གཉིས་ཀྱིས་བཅོས་མེད་ཀྱི་བརྩེ་བས་བསླུས་ནས་སློབ་གྲྭ་རིག་པའི་སྒོ་ཐེམ་རྡོག་པས་མནན་ཏེ་རྒྱ་བོད་ཡིག་རིགས་ཀྱི་རྨང་གཞི་བཞག་པའི་མགོ་བརྩམས། ཁོ་མོའི་ཐུན་མིན་གྱི་སྐད་ངག་ལ་ལྷན་སྐྱེས་ཀྱི་མགྲིན་ངག་གི་ཡོན་ཏན་ཡོངས་སུ་ཚང་བས་སློབ་གྲྭའི་སྦྱོང་བྱ་ལས་གཞན་གླུ་གཞས་ཀྱི་ཤེས་བྱ་གང་མང་ལ་རང་སྦྱོང་བྱས་པས་གླུ་གར་སྒྱུ་རྩལ་གྱི་ཤེས་བྱ་གང་མང་ཞིག་རང་རྒྱུད་དུ་འབྱོར་བས་རྗེས་ཕྱོགས་གླུ་གཞས་ཀྱི་ལམ་བུར་བསྐྱོད་པའི་རྨང་གཞི་ངེས་ཅན་བཞག 


  སྤྱི་ལོ་2002ལོར་ཡུན་རིང་ཕུགས་སུ་ཉལ་བའི་འདུན་མ་མངོན་འགྱུར་བྱུང་སྟེ་ཧྲང་ཧེ་རོལ་དབྱངས་སློབ་གླིང་གི་གླུ་དབྱངས་སྡེ་ཁག་ཏུ་རྒྱུགས་འཕྲོད། སློབ་གྲྭ་དེ་ག་ནས་གླུ་གཞས་སྒྱུ་རྩལ་གྱི་ཆེད་མཁས་དགེ་རྒན་གང་མང་ལ་བསྟེན་ནས་གླུ་དབྱངས་ཀྱི་རིག་གཞུང་དང་དབྱངས་རྟའི་ལག་ལེན་ཀུན་ལ་སྐོམ་པས་ཆུ་འདོད་ལྟར་སྦྱོང་བ་བྱས་པས་བུ་མོ་ཆུང་ཆུང་འདིའི་ལྷན་སྐྱེས་ཀྱི་མགྲིན་ངག་ལ་དེང་རབས་ཀྱི་རོལ་དབྱངས་ཀྱི་རམ་འདེགས་ཐོབ་པས། གར་སྟེགས་གང་མང་ནས་མཐོང་ཆོས་སུ་གྱུར་པའི་བོད་ཀྱི་གླུ་མ་ཞེས་མིང་གྲགས་ཅན་ཞིག་ཏུ་གྱུར། སྤྱི་ལོ་2005ལོར་སློབ་གླིང་དེ་ག་ནས་སློབ་མཐར་ཕྱིན། 


  སྤྱི་ཚོགས་ཀྱི་གྲུ་ཟུར་རེ་རེ་ནས་ཁོ་མོས་སྦྱོང་བརྩོན་གྱི་སྙིང་སྟོབས་ཞུམ་མེད་ཀྱིས་མུ་རུ་བསྲིངས་བའི་སྟབས་ཀྱིས་སྤྱི་ལོ་2013ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་དུ་རྒྱུགས་འཕྲོད། སློབ་གླིང་དེ་ག་ནས་བོད་ཀྱི་གླུ་གཞས་སྒྱུ་རྩལ་པ་གྲགས་ཅན་རྡོ་རྗེ་ཚེ་རིང་སོགས་སློབ་དཔོན་དུ་བསྟེན་ཏེ་གླུ་གཞས་སྒྱུ་རྩལ་གྱི་ཤེས་བྱ་གང་མང་བུམ་པ་གང་བྱོའི་ཚུལ་དུ་ཐོབ་པས་ཁོ་མོའི་ལྷན་སྐྱེས་ཀྱི་མགྲིན་ངག་ལ་སྔར་མེད་ཀྱི་ཤེས་བྱ་གང་མང་ཀུན་ནས་ཚང་བས་མིང་གི་སྙན་པའང་འཕྲིན་ལམ་གྱི་མྱུར་འགྲོས་དང་བསྟུན་ཏེ་རྒྱལ་ཕྱི་ནང་གི་ཡུལ་གྲུ་ཀུན་ཏུ་གྲགས་པར་མ་ཟད་བོད་མི་མང་པོའི་ཁོ་མོའི་མིང་ལ་གངས་དཀར་སྲས་མོ་ཞེས་སྙན་པའི་མིང་གིས་འབོད།སྤྱི་ལོ་2005ལོར་ཧྲང་ཧེ་གྲོང་ཁྱེར་གྱི་ཕུལ་བྱུང་བཅུ་ཡི་སློབ་ཐོན་སློབ་མ་ཞེས་པའི་མིང་རྟགས་དང་བྱ་དགའ་ཐོབ། སྤྱི་ལོ་2006ལོ་དང་2012ལོ་གཉིས་ལ་སྐབས་གསུམ་པ་དང་བཞི་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་རིག་གནས་སྒྱུ་རྩལ་འཁྲབ་སྟོན་དུ་ཕུལ་བྱུང་གི་མི་སྣ་གསར་པའི་བྱ་དགའ་ཐོབ། སྤྱི་ལོ2012ལོར་བོད་ལྗོངས་ཀྱི་ཐོག་དང་པོ་གླུ་དབྱངས་བརྙན་འཕྲིན་འགྲན་བསྡུར་ཆེན་མོ་ལས་མི་རིགས་ཀྱི་དབྱངས་རྟའི་ལེན་ལུགས་ལ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། སྤྱི་ལོ2013ལོར་སྐབས་བཅོ་ལྔ་པའི་རྒྱལ་ཡོངས་ན་གཞོན་གླུ་བའི་བརྙན་འཕྲིན་བྱ་དགའི་འགྲན་བསྡུར་ཆེན་མོ་ལས་མི་རིགས་སྡེ་ཁག་གི་ཨང་བཞི་པའི་བྱ་དགའ་ཐོབ། སྤྱི་ལོ་2013ལོར་CCTVགཟི་བརྗིད་ལྡན་པའི་འོད་སྟོང་འབར་ཞེས་པའི་ལེ་ཚན་དུ་བྱ་དགའ་ཐོབ་པའི་གླུ་བ་བཅུ་ཡི་གྲས་སུ་ཚུད། སྤྱི་ལོ་2013ལོར་སྐབས་བཅུ་པའི་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་དུ་རིག་གནས་འཁྲབ་སྟོན་པའི་བྱ་དགའ་ཐོབ། སྤྱི་ལོ་2014ལོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་སར་དགོང་ཚོགས་སུ་ཞུགས་པ་སོགས་བཞུད་ཟིན་པའི་རྗེས་ཤུལ་ཤིན་ཏུ་ཟབ་ལ་བགྲོད་དགོས་པའི་མདུན་ལམ་ཧ་ཅང་ཡངས་བས་མུ་མཐུད་ནས་མདུན་དུ་སྐྱོད་བཞིན་ཡོད་དོ།།

ཚེ་རིང་གཡང་འཛོམས་ཀྱིས་པར་མཁོ་འདོན་བྱས། 

2015ལོའི་《གངས་ལྗོངས་ཉི་གཞོན།》དེབ་5བ་ལས་བཤུས། 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1