རྒྱལ་རོང་གི་ཡུལ་སྲོལ་གོམས་གཤིས་མྱོང་རོལ་དང་མི་རིགས་རིག་གནས་མྱོང་ཚོར་བྱེད་པ་ཞེས་པའི་རོང་བྲག་གི་རྒྱལ་རོང་བོད་རིགས་ཀྱི་ཡུལ་སྲོལ་དུས་ཆེན་དེ་སྤྱི་ཟླ་10པའི་ཚེས་26ཉིན་གཟབ་རྒྱས་ངང་སྤེལ་རྒྱུ་རེད།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 10-13


       ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཐབ་ཇུས་ལག་བསྟར་དང་། རྒྱལ་རོང་བོད་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུད་འཛིན་དར་སྤེལ་གཏོང་བ། མ་ཟད་ཀྲུང་གོའི་ཆེས་མཛེས་པའི་རི་གྲོང་ཞེས་པའི་ཐོན་རྫས་མིང་གྲགས་མཐོར་འདེགས་གཏོང་ཆེད། སྤྱི་ཟླ་10པའི་ཚེས་26ཉིན་ནས་ཚེས་28ཉིན་གྱི་རིང་། 2015ལོའི་ཀྲུང་གོའི་སི་ཁྲོན་ཞིང་ཆེན་རོང་བྲག་རྫོང་རྒྱལ་རོང་བོད་རིགས་ཡུལ་སྲོལ་དུས་ཆེན་དང་2015ལོའི་སྐབས་གཉིས་པའི་ཀྲུང་གོ་རྒྱལ་རོང་རིག་གནས་ཞིབ་གྲོས་ཚོགས་འདུ་རོང་བྲག་རྫོང་ནས་སྤེལ་རྒྱུ་རེད། གནའ་མཁར་དང་། བོད་སྡེ། མཛེས་མའི་ལུང་ཤུར་ཞེས་སུ་གྲགས་པའི་རོང་བྲག་རྫོང་ནི་རྒྱལ་རོང་བོད་རིགས་ཀྱི་ཡུལ་སྲོལ་རིག་གནས་ཀྱི་ལྟེ་བ་དང་སི་ཁྲོན་ཞིང་ཆེན་ཁྲོན་ནུབ་ཡུལ་སྐོར་ལམ་ཐིག་སྟེང་གི་གལ་ཆེའི་འབྲེལ་མཐུད་གནས་དང་གཙོ་གྲས་ཀྱི་ཡུལ་སྐོར་བྱ་ཡུལ་ཞིག་ཡིན། 2003ལོ་ནས་རོང་བྲག་རྒྱལ་རོང་བོད་རིགས་ཡུལ་སྲོལ་དུས་ཆེན་དེ་དཀར་མཛེས་ཁུལ་གྱི་སྲོལ་རྒྱུན་དུས་ཆེན་དྲུག་གི་གྲས་སུ་ཚུད། 2008ལོར་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་21གིས་མཚམས་སྦྱོར་བྱས་པའི་དུས་ཆེན་116གི་ཁྲོད་ནས་རྩེ་གྲ་རུ་འགྱུར་ཞིང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ། སི་ཁྲོན་ཞིང་ཆེན་ཕྱི་འབྲེལ་དྲིལ་བསྒྲགས་གཞུང་ལས་ཁང་། སི་ཁྲོན་ཞིང་ཆེན་ཡུལ་སྐོར་ཅུས། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་། སི་ཁྲོན་ཉིན་རེའི་ཚགས་པར་ཚགས་ལས་ཚོགས་པ་བཅས་ལས་ཁུངས་ཆེན་པོ་ལྔ་ཡིས་མཉམ་དུ་སི་ཁྲོན་ཞིང་ཆེན་གཟི་བརྗིད་ཆེན་པོ་བཅུ་ཞེས་པའི་མཚན་བཟང་གནང་ཞིང་། 2011ལོར་ཀྲུང་གོའི་མི་རིགས་ཁྱད་ཆོས་ལྡན་ཤོས་ཀྱི་དུས་སྟོན་ཞེས་པའི་མཚན་སྙན་ཐོབ། རོང་བྲག་རྒྱལ་རོང་བོད་རིགས་ཡུལ་སྲོལ་དུས་ཆེན་རོལ་བའི་ལོ་རྒྱུས་རྒྱུན་རིང་ཞིང་། དང་ཐོག་ཡུལ་སྲོལ་དེ་ཐང་སུང་རྒྱལ་རབས་ཀྱི་དུས་སྐབས་ནས་དར་བ་དང་། མི་རྣམས་ཀྱིས་ལོ་ལེགས་ལ་རྟེན་འབྲེལ་ཞུ་ཆེད། དབྱར་བསྡུའམ་སྟོན་བསྡུའི་དལ་དུས་གཞིས་བྱེས་མཉམ་དུ་འཛོམས་ཏེ་བསིལ་ཆང་དང་སྐོར་བྲོའི་རྩེད་དགར་རོལ། རིམ་བཞིན་ནས་ཡུལ་སྲོལ་ཞིག་ཏུ་ཆགས་ཏེ་མི་རབས་ནས་མི་རབས་སུ་བརྒྱུད་ཅིང་། བྱེད་སྒོ་ཡང་རྒྱ་ཇེ་ཆེ་དང་ནང་དོན་ཕུན་སུམ་ཚོགས་པར་གྱུར། རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་བྱེད་སྒོ་རུ་རྒྱལ་རོང་མཛེས་མ་འདེམས་བཀོད་ལས་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་འདེམས་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1