༄༅།། ནམ་ཟླ་འགྱུར་སོང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 10-15


---དུས་ཀྱི་འགྱུར་བ་ཞིག་གིས།      

རྣོ་ཟུར།  ༼མགོ་ལོག༽   


ས་གཞི་ནས་སྨིན་མྱོང་པའི་ཟིལ་བ་དེ་དྲན་བྱུང

ས་གཞི་ནས་འགུལ་མྱོང་པའི་སྲོག་ཆགས་དེ་དྲན་བྱུང

ངས་ག་ལེར་དྲན་གདུང་གི་རླབས་རིས་སུ་མེ་ཏོག་བཙུགས་པའི་ཟླ་ངོགས་དེའང་དྲན་བྱུང

ཐག་སྒྲ་དང་བཅས་པའི་མི་ཚེ་དེའང་དྲན་བྱུང


རང་ཉིད་ཤོག་བུ་མཐའ་གང་དུ་བཅོལ་ནས་ཅི་ཞིག་གླེང་འདོད་སྐྱེས་ནའང

མུན་པ་འཐུག་པོར་འཐིམ་སོང་བའི་ཁྱོད

ནམ་ཡང་གནམ་མཁའ་ན་བཙུགས་པའི་ཕོ་བྲང་དེ་ལས་མ་འདས

ལོ་འདས་སོང ཟླ་ཟད་སོང ཞག་འཐོར་སོང ཉིན་ཡལ་སོང


དེ་རིང་རང་ཉིད་ཙོག་པུར་སྒོང་སྟེ་བྱ་ཞིག་ལ་གཤོག་པ་བཟོ་དུས

མེ་ཏོག་གི་གསེང་དུ་འཛུམ་པའི་མིག་ཟུང་དེ་འགྱུར་འདུག

སེམས་ཀྱི་ན་ཟུག་ཏུ་ལྷུང་པའི་ནད་རྩ་དེ་མཐོང་འདུག

ཨ་ལེ ང་ལ་དགུང་སྔོན་མོ་ཞིག་ཡོད་དམ


དྲགས་རླུང་ལྡང་པའི་མཁའ་དབྱིངས་ནས་ང་རང་འདར་དུ་བཅུག

འཁྱག་ལ་འཐིམ་པའི་མཚོ་ཁ་ནས་ང་རང་ཕྱིད་དུ་བཅུག

ངས་འཇིག་རྟེན་འདིའི་མེ་ཏོག་གི་འཁྲིས་ནས་སྡུག་མ་མྱོང་བསམ་པ་མེད

བསམ་གཞིགས་ཀྱི་མགོ་བོ་ཡར་བཀྱགས་པ་ཁྱོད་ཀྱི་ཆེད་ཡིན

མཛུབ་རྩེའི་སྙན་ངག་གི་ཁྲག་དམར་སྐྱུགས་པ་ཁྱེད་ཀྱི་ཆེད་ཡིན

ཁྱེད་ནམ་ཡང་འཇམ་ཅག་གེར་བུད་འགྲོ་བ་ཡིད་ལའང་མ་ཤར


                                      ---༢༠༡༥--༩--༡༥ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1