རིན་པོ་ཆེ་གཟི་ཡི་རྣམ་བཤད་རགས་རིམ།

ལྟག་ཨོ་རྒྱན་ཆོས་འཕེལ། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-19


 

   གཟི་ནི་བོད་ཁ་བ་གངས་ཅན་པའི་ཡུལ་དུ་ཐོན་པའི་རིན་པོ་ཆེའི་རིགས་ཤིག་ཡིན། ཕལ་ཆེར་ལོ་ངོ་བཞི་སྟོང་གི་ལོ་རྒྱུས་ལྡན་ཡོད། ཆེས་ཐོག་མའི་གཟི་རིན་པོ་ཆེ་འདི་གངས་རིས་བསྐོར་བ་ཞང་ཞུང་གི་ཡུལ་དུ་དར་ནས་རིམ་པར་བོད་ཀྱི་ལྗོངས་ཡོངས་སུ་ཁྱབ། ལོ་ངོ་སྟོང་ཕྲག་གི་བརྒྱུད་རིམ་ནང་གཟི་རིན་པོ་ཆེ་འདིར་སྤུས་ཀ་ཇེ་ལེགས་དང་དགོས་པ་ཇེ་ཆེ། མཛེས་ཆ་ཇེ་བཟང་། བཟོ་དབྱིབས་ཇེ་མང་། རི་མོ་ཇེ་ཡག་གི་རྣམ་པ་རུ་འགྱུར་ཏེ། ཤིན་ཏུ་རྩིས་ཆེ་བ་རྙེད་དཀའ་བའི་རིན་པོ་ཆེ་དངོས་མ་ཞིག་ཏུ་ཆགས་ཡོད། འགྱུར་རིམ་གཞན་ཞིག་ནི་དགོས་པ་ཉིད་ནས་མཚོན་པའི་གཟི་རིན་པོ་ཆེ་འདི་མཆོད་པའི་རྫས་ནས་གཡང་ནོར། རྒྱན་ཆ་བཅས་སོ། །

གཟི་ཞེས་པའི་མིང་དང་དེའི་འབྱུང་ཁུངས།
   གཟི་ཞེས་པའི་མིང་འདི་ནི་ཤིན་ཏུ་བརྡ་རྙིང་པའི་ཞང་ཞུང་གི་སྐད་དོ། དོན་ནི་མཐོ་བ་དང་སྤ་དང་། སྟོབས་དང་སྤོབས་པ། རྒྱལ་བ་དང་བཙན་པ། བསོད་ནམས་དང་འབྱོར་བ་སོགས་གང་རུང་ལ་གོ་ཆོག  དེ་མ་ཚད་པར་གཟི་ཞེ་ན་དཀར་ནག་ཅན་གྱི་རི་མོ་མིག་ལྟ་བུ་ལ་ཡང་གོ་ཆོག་ཅིང་། དེས་ན་གཟི་རིན་པོ་ཆེ་དང་སྦྲེལ་བའི་མིང་དུ་མ་ཞིག་ཀྱང་ནུས་པ་དང་ལྡན་པའི་མཚན་རྟགས་སུ་གྱུར་ཡོད། དཔེར་ན། གཟི་བརྗིད། གཟི་མདངས། གཟི་དཔལ། གཟི་འོད་བཅས་སོ། རྗེས་སོར་བོད་སྐད་དུ་གཟི་ཡི་མིང་དུ་གཟི་ལྡན། གཟི་སྟོབས། གཟི་ཆེན་ཞེས་འབོད་ཡོད། དེ་མིན་ཞང་ཞུང་གི་ཕྱོགས་མཐར་གནས་པའི་མི་རིགས་ཁག་ནས་ཀྱང་སྐད་འདི་ལས་མ་ཡོལ་བ་གཟི་དང་སི། ཟི། ཉི་ཟི་བཅས་སོ།
འདི་ལྟ་བུའི་རིན་པོ་ཆེ་འདི་ཉིད་ལོ་ངོ་བཞི་སྟོང་གི་གོང་རོལ་སྟོད་ཞང་ཞུང་གི་ཡུལ་དུ་ཐོག་མར་བྱུང་ཡོད། ཤིན་ཏུ་རིན་ཐང་གཞལ་བའི་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་གཏེར་རྡོ་ངོ་མཚར་བ་ཞིག་ལ་བཀོད་པ་སྣ་ཚོགས་འགོད་དེ་བསྐྲུན་པ་བྱེད། འདི་ནི་གདོང་དམར་བོད་རིགས་ཀྱི་མེས་པོ་མེས་མོ་རྣམས་ཀྱིས་བློ་རྩལ་དང་ལག་རྩལ་ལ་བརྟེན་ནས་བཟོས་གནང་བའི་རིན་པོ་ཆེ་ཐོག་མའི་གྲལ། མཆོང་གི་རྒྱུ་དང་ནུས་པ་ཕལ་ཆེར་མཐུན་པའི་གཟི་རྡོ་ནི་དཀོན་པ་དང་རྙེད་ཟོན་དཀའ་བ། བཟོ་དཀའ་བ་སོགས་ཀྱིས་རྐྱེན་པས་ལོ་ངོ་སྟོང་གི་ཡར་སྔོན་དུ་གང་རུང་ནས་འཐོབ་པར་དཀའ་བའི་གནས་ཚུལ་ཞིག  ཆེས་སྔ་མའི་སྐབས་སུ་གཟི་ཞིག་ལག་ཏུ་ལོན་ཏེ་མཛེས་རྒྱན་ནམ་སྲུང་རྫས་ཀྱི་ཚབ་ཏུ་བྱེད་ཐུབ་ན་མི་དེ་ཡི་བསོད་ནམས་དང་རིན་ཐང་ཆེ་བ་མཚོན་ཐུབ་ཅིང་། རྒྱལ་པོ་སྲོང་བཙན་སྒམ་པོས་ཞང་ཞུང་མངའ་འོག་ཏུ་མ་བསྡུས་སྔོན་དུ་བོད་མིས་གཟི་གང་རུང་འདོགས་པའི་གོ་སྐབས་ཤིན་ཏུ་དཀོན། རིམ་པར་བོད་བཙན་པོས་ཞང་ཞུང་གི་ཡུལ་དེ་ཉིད་ཀྱི་མངའ་འོག་ཏུ་བསྡུས་ནས་རིན་པོ་ཆེ་གཟི་ཡི་གཏེར་སྒོ་ཡོངས་སུ་ཕྱེ་ནས་བོད་ཁམས་སུ་གཟི་ཡི་འགྱེད་ཀ་གནང་། ལོ་རྒྱུས་ཀྱི་བཤད་པ་འདི་ལྟ་བུ་རྗེས་སོར་གླིང་གེ་སར་རྒྱལ་པོའི་སྒྲུང་དུ་བཙུད་དེ་ཨ་གྲགས་གཟི་རྫོང་ཞེས་སོ།
གཟི་ཡི་འབྱུང་བ།
   ཆེས་སྔ་མོ་ཞང་ཞུང་གི་དུས་སུ་གཟི་གཙོ་བོར་བེད་སྤྱོད་གཏོང་མཁན་དེ་བྱ་རུ་ཅན་གྱི་ཞང་ཞུང་གི་རྒྱལ་པོ་དང་བློན་པོ། ཡང་ན་ཆོས་ལུགས་ཀྱི་ལས་བྱེད་པ་དག་ཡིན། འདི་དག་གིས་གཟི་རིན་པོ་ཆེ་ཆེད་དུ་བཟོས་པའི་དགོས་པ་དང་དམིགས་ཡུལ་ནི། རིན་པོ་ཆེ་འདི་ཉིད་མཛེས་རྒྱན་དང་སྲུང་རྫས། མཆོད་རྫས། གནང་རྫས་སོགས་ཡོང་བ་ལ་མེད་དུ་མི་རུང་བ་ཞིག་ཡིན། དེས་ན་ཞང་ཞུང་འོལ་མོ་ལུང་གི་རྒྱལ་པོས་གཟི་རྡོ་བཙལ་ཆོག་པའི་གནང་བ་སྤྲད་པ་དང་གཟི་བྱེད་མཁན་གྱི་བཟོ་པ་ཚོས་གཟའ་སྐར་ལེགས་ཤོས་དང་བསྟུན་ཏེ་ཤིན་ཏུ་ཐག་རིང་བའི་ས་ཕྱོགས་སུ་གཟི་རྡོ་སློང་། རིམ་པར་རྒྱལ་བློན་དང་མཆོད་དཔོན་དག་གིས་ཐུན་མིན་གྱི་དགོས་པ་འོག  རི་མོ་སྣ་མིན་ཅན་གྱི་གཟི་དེ་མེ་ལ་བརྟེན་ཏེ་སྒྲུབ་གནང་ངོ་། གཟི་ཡི་བཟོ་པ་རྣམས་ཀྱིས་ཕ་མེས་ནས་བརྒྱུད་པའི་ལག་རྩལ་དེ་གཞུང་ས་ཁོ་ན་ལ་ཞབས་ཞུ་ཞུས་ཏེ་རྒྱལ་པོའི་བཀའ་ལྟར་ལོ་གཅིག་གི་ནང་གཟི་ག་ཚོད་དགོས་མིན་བཀའ་དང་བསྟུན་ཏེ་བཟོས་དགོས། ཁྱད་པར་དུ་གཟི་བཟོ་བའི་བརྒྱུད་རིམ་དེ་ཡང་ཤིན་ཏུ་གསང་བའི་ཐོག་ནས་གནང་བཞིན་ཡོད། དེ་མིན་གང་རུང་ནས་གཟི་བཟོ་བ་དང་རི་མོ་སོགས་གང་རུང་བཀོད་པ་རྩ་བ་ནས་མི་ཆོག་པ་ཞིག་ཡིན། ཡིན་ན་རྗེས་སོར་ལོ་རྒྱུས་ཀྱི་འགྱུར་བ་ནས་གཟི་བཟོ་བའི་ལག་རྩལ་དེ་དམངས་ཁྲོད་དུ་འགའ་རེ་ཁྱབ་སྟེ་རྒྱུ་ཆ་ཞན་ལ་རྣམ་པ་སྣ་ཚོགས་ཅན་གྱི་གཟི་མཚར་པོ་གང་མང་ཞིག་ཀྱང་དོན། གཡུང་དྲུང་གི་སྟོན་པ་གཤེན་རབ་མི་བོ་ཆེའི་སྐབས་སུ་ཞང་ཞུང་འོལ་མོ་ལུང་དུ་བཟོ་ལ་མཁྱེན་པ་རྫོགས་པའི་མཁས་དབང་སྲིད་རྗེ་འབྲང་དཀར་དང་བསྐོས་རྗེ་བྲང་དཀར། ཕྱ་རྗེ་རིང་དཀར། གར་མ་ལི་ཤོ་སོགས་དུ་མ་ཞིག་མཆིས། བཟོ་སྣ་སུམ་བརྒྱ་དྲུག་ཅུའི་རྣམ་བཞག་བསྟན་པས་འོལ་མོ་ལུང་གི་བཟོ་རྩལ་ཆེས་སྔ་བ་དང་ཕུན་སུམ་ཚོགས་པའི་སྐོར་ཅིག  གཟི་ཕལ་ཆེ་གཟི་རྡོ་ངོས་སུ་ཕྱག་རྒྱ་སྣ་ཚོགས་བཀོད་དེ་མེ་རུ་འཇུག་སྟེ་བསྲེགས་བཅོས་བྱེད་པའི་རྩལ་དེ་རྒྱུ་རྐྱེན་སྣ་ཚོགས་ཞིག་གི་དབང་དུ་རིམ་པར་ཉམས་གུད་དུ་སོང་ནའང་། ཞང་ཞུང་རིག་པའི་མེ་བསྲེགས་ཅན་གྱི་ལག་རྩལ་ཕྱོགས་འགའ་མུ་མཐུད་དེ་དར་བས་རྗེས་སོར་གུ་གེའི་དཀར་ཡོལ་གུ་ཡོལ་གྲགས་ཆེན་པོ་དེ་དོན་པའི་གནས་ཚུལ་ཡང་ཡོད་འདུག 
ཡང་ཡོངས་གྲགས་ཁ་བརྒྱུན་གྱི་བཤད་པ་ལྟར་ན། གཟི་རིན་པོ་ཆེ་འདི་མི་མ་ཡིན་གྱི་དངོས་རྫས་སུ་ངོས་འཛིན་གནང་སྟེ། གཟི་འདི་ངེས་མེད་ས་ཕྱོགས་ཁག་ཏུ་ཐོག་མར་རྙེད་དུས་ནོར་རྫས་གཞན་ལྟར་མ་ཡིན་པ་གསོན་པོའི་འབུ་ལྟར་འགྲོ་ཐུབ་པ། གཞི་ནས་མི་ཡིས་ཞྭ་ལྷམ་སོགས་འགེབས་པ་དང་གཟི་གསོན་པོ་དེ་ཤི་པོ་འདྲ་ཆགས་ཅིང་། དེ་ཡང་སྐབས་སྐབས་སུ་གཟི་འདི་བདག་འཛིན་ལེགས་པོ་མ་གནང་བར་གང་རུང་དུ་བཞག་ན་གཟི་རང་ཉིད་ས་སྤོས་པ་ལྟར་བོར་འགྲོ་བ། གང་ལྟར་གཟི་འདི་མི་མ་ཡིན་དང་ཡང་ན་གཟའ་ཡི་ནུས་པ་འཕོག་པའི་ནོར་བུ་ཞིག་ཏུ་ངོས་འཛིན་གནང་སྟེ་སྐྱེས་བུ་གང་རུང་གི་ལུས་སུ་འཆང་ན་ཤིན་ཏུ་ངོ་མཚར་བའི་ནུས་མཐུ་ཡང་ལྷན་དུ་རང་ལ་འཐོབ་ཅིང་། ལུས་བསྲུང་བགེགས་སེལ། གཡང་འཁོར་བཙོག་འགོག  བསོད་སྟོབས་སོགས་འཕེལ་བར་གྲགས།
 གཟི་དང་གཡུང་དྲུང་།
    གཟི་རིན་པོ་ཆེ་འདི་ཐོག་མ་དར་བའི་ཉིན་ནས་གཡུང་དྲུང་གི་བསྟན་པ་དང་བྲལ་དུ་མེད་པའི་འབྲེལ་བ་ཞིག་ཡོད། དེ་ནས་གཟིའདི་རྒྱལ་བློན་དང་འབངས་རྣམས་ཀྱིས་དགའ་བསུ་བྱེད་དེ་རྩིས་ཆེར་འཛིན། གཡུང་དྲུང་བོན་དང་འབྲེལ་བས་གཟི་ཡི་མཚོན་བྱེད་དེ་ཅི་ཡིན་ཞེ་ན། འདི་ནི་བོན་གྱི་བསྟན་པ་ལས་འཕྲོས་པའི་རི་རབ་དང་གླིང་གི་བཤད་པ་དང་ཡོངས་སུ་བསྟུན་ཡོད། རིན་པོ་ཆེ་གཟི་ཡི་རིགས་ཡོངས་རྫོགས་སུ་གཟི་ཆུ་མིག་དགུ་པ་དེ་རྩེ་མོ་དང་མཆོག་ལྟ་བུ་དེ་ཡིན། འདི་ཡིན་པའི་རྒྱུ་མཚན་ནི་གཟི་ཆུ་མིག་དགུ་པའི་དགོས་པ་དང་མཚོན་བྱེད་ནས་རག་ལས། གཡུང་དྲུང་བོན་གྱི་བཤད་པ་ལྟར་ན་གཟི་ཆུ་མིག་དགུ་པ་དེ་རིའི་རྒྱལ་པོ་གཡུང་དྲུང་དགུ་བརྩེགས་མཚོན། དཀྱིལ་འཁོར་ཆེན་པོ་དགུ་མཚོན། ཁམས་གསུམ་འཁོར་བའི་ས་དགུ་མཚོན། གཡུང་དྲུང་གི་ཡན་ལག་དགུ་མཚོན། ཤེལ་གྱི་རྡོ་རིང་དགུ་བརྩེགས་མཚོན། མཚོན་དོན་དེ་ས་གཞིའི་དཀྱིལ་དང་ལྟེ་བ། འགྱུར་བ་མེད་པ། འཕོས་པ་མེད་པ། བླ་ན་མེད་པ། འདི་དང་རིགས་ཉེ་བའི་གཟི་བསྡམས་པ་དགུ་དཀྲིས་ནས་རི་རབ་ཀྱི་བང་རིམ་དགུ་མཚོན། དགུ་པ་དཀྲིས་མ་དང་སྒོར་མིག་ཅན་གཉིས་མཉམ་ཤེད་དུ་སྦྲེལ་ཏེ་རྒྱལ་པོ་ཆེན་པོ་དང་གཤེན་ཆེན་པོའི་བླ་དང་སྲོག  མི་འགྱུར་བའི་སྟོབས་སོགས་མཚོན་པས། ཡང་ན་སྒོམ་དང་ཉམས་ལེན་ལ་འབད་དེ་བརྩོན་པའི་ཐེག་པ་དགུ་ཡི་མཚོན་བྱེད། གཟི་འདི་ལྟར་མི་མ་ཡིན་གྱི་ནོར་བུ་ལ་བརྟེན་ཏེ་གཡུང་དྲུང་བོན་སྐུའི་ཞིངས་ཁམས་ལ་རེག་པ། དཔེར་ན། གཡུང་དྲུང་བོན་གྱི་བཤད་པ་ནས་དོན་པའི་ཚིག་ཏུ་བླངས་ན། ལྷ་ཆེན་གཟི་ལྡན། དྲི་ཟའི་གཟི་ལྡེམ། ཀླུ་ཡི་རྒྱལ་པོ་གཟི་ཆེན། འདོད་པ་དགུ་འགྱུར་སོགས་གང་མང་ཞིག་མངའ། དེ་མིན་གྱི་གཟི་ཡི་རིགས་འདྲ་མིན་དང་གཟི་ངོས་ཀྱི་ཕྱག་རྒྱ་འདྲ་མིན་ནས་རི་རབ་གཡུང་དྲུང་དགུ་བརྩེགས་ཀྱི་ཕྱོགས་སུ་བསྐོར་བའི་ཐེག་དགུ་སྤྱོད་པའི་སྒྲུབ་གནས་ཕུན་ཚོགས། རི་བོ་ཕུན་སུམ་ཚོགས་པ། མེ་ཏོག་ཕུན་སུམ་ཚོགས་པ། རྩི་ཤིང་ཕུན་སུམ་ཚོགས་པ། ནགས་ཚལ་ཕུན་སུམ་ཚོགས་པ། སྨན་ཕུན་སུམ་ཚོགས་པ། མཚོ་མོ་ཕུན་སུམ་ཚོགས་པ། རིན་པོ་ཆེ་ཕུན་སུམ་ཚོགས་པ། རི་དྭགས་ཕུན་སུམ་ཚོགས་པ་བཅས་མཚོན་ནོ། །
དེས་ན་གཟི་རིན་པོ་ཆེ་འདི་ཉིད་ལུས་ལ་འཆང་ན་ནད་གདོན་འགོག  བར་ཆད་བཟློག  བསོད་ནམས་འཕེལ། གཟི་བརྗིད་ལྡན། བཤད་སྲོལ་དུ་གཟི་རིན་པོ་ཆེ་འདི་བཟོ་རྒན་དག་ནས་བཟོས་ཟིན་རྗེས་ཐོག་མར་གཤེན་ཆེན་དེ་བཞུགས་ཀྱི་སྐུ་མདུན་དུ་སྐྱེལ་ནས་གཟི་སྒྲུབ་ཀྱི་ཆོ་ག་ལ་འཇུག  ཟླ་བ་དགུ་ཡི་མཇུག་ཏུ་གཟི་སྒྲུབ་ཀྱི་ཆོ་ག་ཡང་དག་ན་གཟི་བྱིན་ཅན་འགའ་དབུགས་ལྡན་སྲོག་ཆགས་ལྟར་གསོན་པོ་ཆགས་པར་བཤད། གཟི་འདི་ལུས་སུ་འཆང་བཞིན་གཟི་གསོན་པོ་རང་བསྡད་ཐུབ་ན་མཐིང་དཀྱིལ་ལྷ་ཡི་ཞིངས་ཁམས་སུ་བགྲོད་ཐུབ་ཅིང་། ལུས་སྒྲིབ་ཀྱིས་རྐྱེན་པས་གཟི་དེ་གཡོ་མེད་འགུལ་མེད་དུ་སོང་ན་སྒྲུབ་པ་ལ་འབད་དགོས་པའི་གདམས་པ་འདྲར། དེས་ན་གཟི་ནས་ཕན་པ་སྤྲད་པའི་འཐོབ་གསུམ་འཕྲུལ་འཁོར་ཞེས་པ། གཟི་ལྡན་འདི་གང་ཟག་སོ་སོའི་ལུས་སུ་འཆང་ན་ནུས་མཐུ་གང་དགོས་འཐོབ། སེམས་སུ་དྲན་ན་བདེ་བ་འཐོབ། ངག་ཏུ་གཟི་གཟི་གཟི་ཞེས་ལན་མང་བགྲངས་ན་དངོས་གྲུབ་འཐོབ་པའོ། །
 གཟི་དང་ནང་བསྟན།
   ཕ་མེས་ཀྱི་སྐབས་ནས་བཟོས་གནང་བའི་གཟི་སྣ་ཚོགས་དེ་བོད་ལ་ནང་བསྟན་དངོས་སུ་དར་བའི་བརྒྱུད་རིམ་ཁྲོད། གཟི་ལ་ནང་དོན་ནས་མཚོན་པའི་འགྱུར་བ་དང་། ཕྱག་རྒྱ་ནས་མཚོན་པའི་འགྱུར་བ། དགོས་པ་ནས་མཚོན་པའི་འགྱུར་བ། བཤད་པ་ནས་མཚོན་པའི་འགྱུར་བ་སོགས་གང་མང་ཞིག་མཆིས། བོད་བཙན་པོའི་སྐབས་ཀྱི་དུས་རབས་དྲུག་པ་ནས་དགུ་པའི་དབར་དུ་བོད་ཡོངས་སུ་བོན་ཆོས་དེ་ནང་ཆོས་སུ་བསྒྱུར་བའི་དུས་རབས་ངོ་མཚར་བ་ཞིག་ཡིན། འདི་དུས་བོད་ནས་ནང་ཆོས་ལ་ཤིན་ཏུ་ཡིད་མགུ་ནས་བོན་ཆོས་དོར་བའི་འགྱུར་རིམ་ན་སྔ་རབས་བོན་གྱི་ཆོ་ག་དང་བཤད་རྒྱུན། སྲོལ་རྒྱུན། གོམས་ལུགས། ཐ་སྙད། ཤེས་རིག་སོགས་གང་མང་ཞིག་མ་བསྒྱུར་དང་སྒྱུར་ཙམ་གྱིས་མ་ཆད་རྒྱུན་འཛིན་ལེགས་པར་གནང་། དཔེར་ན། རི་བསང་རླུང་རྟ་བྱེད་པ། ཕྱྭ་འདེབས་གཡང་འགུགས་བྱེད་པ། གླུད་གཏོང་སྲི་ནོན་བྱེད་པ། རྫས་དོད་གཡུལ་བཟློག་བྱེད་པ། བླ་འགུག་ཚེ་འགུག་བྱེད་པ། ཁྱད་པར་དུ་གསོ་རིག་དང་སྐར་འབྱུང་རྩིས་རིག་པ། བཟོ་རིག་པ། ས་དཔྱད་རིག་པ། གཏེར་ཁ་རིག་པ་སོགས་རིག་པའི་གནས་དེ་དག་མ་ཉམས་གོང་འཕེལ་ལྟར་གྱིས་བརྒྱུད་འཛིན། ཡང་ན་ཡུལ་བསྐོར་གནས་མཇལ་གྱི་སྲོལ། རིན་པོ་ཆེ་བརྟག་ཐབས། རྟ་བརྟག་ཐབས། སྒོ་ཕྱུགས་ནོར་ལ་བརྟག་ཐབས། གང་ལྟར་ཕྱྭ་སྒྲུང་ལྡེའུ་ཕྱོགས་ཀྱི་བརྒྱུན་དེ་རང་སྲོལ་མ་ཉམས་པ་ཅི་མང་ཞིག་བོད་བརྒྱུད་ནང་བསྟན་དུ་བཙུད་དེ་ནང་ཆོས་ཀྱི་རྣམ་པར་ཆགས། གཟི་དེ་ཡང་བརྒྱུད་རིམ་འདི་དང་ལྷན་དུ་ནང་ཆོས་ཀྱི་རིན་པོ་ཆེ་གཙོ་ཤོས་སུ་གྱུར། སློབ་དཔོན་པདྨ་འབྱུང་གནས་ནས་མཚོན་པའི་ནང་བསྟན་གྱི་སྐྱེས་ཆེན་དག་གིས་གཟི་འདིར་དངོས་སུ་བྱིན་གྱིས་རློབས་ཏེ་སྐུ་འདྲ་དང་འབུམ་པའི་གཟུངས་འཕུལ་བ། ཕྲ་རྒྱན་འདོགས་པ། ཡང་ན་སྐུ་ལུས་སུ་འཆང་སྟེ་ཚེ་བསོད་དབང་ཐང་དར་བ། བསོད་ནམས་ལོངས་སྤྱོད་འཁོར་བའི་ནོར་བུ་ལ་ངོས་འཛིན། འདི་ལྟར་གྱི་འགྱུར་བ་དེ་ཤིན་ཏུ་རིན་ཐང་ལྡན་པ་དང་བརྗོད་རིན་ཆེ་བས་ན། རྗེས་སོར་གླིང་སྒྲུང་དུ་ཨ་གྲགས་གཟི་རྫོང་གི་རྣམ་པའི་སྒོ་ནས་གཟི་རིན་པོ་ཆེ་འདི་གཡུང་དྲུང་ནས་ནང་བསྟན་དུ་སྒྱུར་བའི་བཤད་པ་ཡོངས་རྫོགས་ཤུགས་སུ་བསྟན། སྒྲུང་འདི་ཡི་བརྗོད་བྱ་ལ་སྦྱར་བའི་དོན་དུ་གཟི་རིན་པོ་ཆེ་འདི་ཉིད་དུས་འདི་ནས་བཟུང་ནང་པའི་ནོར་རྫས་ཡིན་ཞེས་པ། དུས་འདི་ནས་གཟི་ནས་མཚོན་པའི་བཤད་པ་དང་དགོས་པ། རི་མོ་སོགས་ལ་མི་འདྲ་བའི་མིང་བརྡ་དང་ཐ་སྙད་སོགས་གང་མང་སྦྱར་ཡོད། གཟི་ཞིབ་འཇུག་པ་དག་གིས་དུས་རབས་དགུ་པའི་ཡར་སྔོན་གྱི་གཟི་ཡི་མཚོན་དོན་དེ་བཙལ་བ་ཤིན་ཏུ་གལ་ཆེ་དོན་ཟབ།
  གཟི་ཡི་རིགས་དང་རྣམ་གྲངས།
    གཟི་རིན་པོ་ཆེ་འདི་སྤྱི་དབྱེ་ན། ཕོ་གཟི་དང་མོ་གཟི་གཉིས། ཕོ་གཟི་ལ་དབྱེ་ན་རབ་འབྲིང་ཐ་གསུམ། མོ་གཟི་ལ་དབྱེ་ན་མཆོག་དང་དམན་གཉིས། འདི་ལྟར་གྱི་དབྱེ་བ་མཛད་གནང་བ་དེ་གཟི་ཡི་དབྱིབས་དང་ཆེ་ཆུང་། སྤུས་མདོག ཤ་ཚུགས་བཅས་ལ་བརྟེན་དེ་བཤད། དེ་མིན་གྱི་གཟི་ཡི་རིགས་དང་རྣམ་དབྱེ་མཛད་པ་དེ་ཞང་ཞུང་འོལ་མོ་ལུང་རིང་གི་ཆོས་ལུགས་དང་སྲོལ་རྒྱུན། སྐར་འབྱུང་རྩིས། སྒྲུང་གཏམ་དཔེ། མཐུ་ནུས་པའི་སྒོ་ནས་མཛད་པ་ཡིན་ཞིང་། འདིའི་སྐོར་ནི། ཁམས་ལྔ་ནས་མཚོན་པའི་ཤིང་གཟི། མེ་གཟི། ས་གཟི། ཐོག་གཟི། ཆུ་གཟི་བཅས་རིགས་ལྔ་ཡོད། ཤིང་གཟི་ཞེས་ན་ཤིང་ལྷ་ལ་འབུལ་བས་ཤིང་སྡོང་གི་ཁོག་པ་ནས་གཟི་ཚང་རྡོལ་ལ། ཁྱད་པར་དུ་ཤུག་པ་སྤ་མའི་སྡོང་པོ་ཁོག་སྟེང་གི་དཀྱིལ་དུ་གནས་པ་དང་ཡང་ན་ལོ་ངོ་ཁྲི་ཕྲག་དུ་མའི་ཤིང་ཕུང་དེ་འགྱུར་རྡོ་རུ་ཆགས་རྗེས་གཞི་ནས་བཟོས་པའི་གཟི། མེ་གཟི་ནི་མེ་ལྷ་ལ་འབུལ་བའི་གཟི་དང་ཡང་ན་ཚྭ་ཆུ་ནས་དོན་པའི་གཟི། ས་གཟི་ནི་ས་བདག་ལ་འབུལ་བའི་གཟི་ཡང་ན་ས་འོག་ནས་གཟི་ཚང་འབུད་པའི་གཟི། སྐབས་འགར་བྲག་དམར་རི་ཡི་ཕྱོགས་སུ་རྙེད་པ། ཐོག་གཟི་ནི་གཞི་བདག་ཡུལ་ལྷ་ལ་འབུལ་བའི་གཟི། རྒྱུ་ཟངས་དང་ལི་ལས་གྲུབ་པས་འབྱུང་བའི་ཁམས་གསོ་དགོས་པའི་ཕྱིར་ལྕགས་ཀྱི་རིགས། ཆུ་གཟི་ནི་ཆུ་ལྷ་ལ་འབུལ་བས་དྭངས་མ་ཤེལ་ལས་བསྐྲུན་པའི་ཤེལ་གཟི། གཟི་དེ་ཆུ་དྭངས་མའི་དཀྱིལ་ནས་ལོན་འདྲ་ཕྱི་ནང་གཉིས་གསལ་བ་ཡོད། འདི་དག་ནི་རི་གཡུང་དྲུང་དགུ་བརྩེགས་ཀྱི་ཕྱོགས་སུ་བསྐོར་བའི་འབྱུང་བའི་བཀོད་པ་ལ་གཟུངས་འཇུག་དང་འབུལ་བ་བཀུར་བའི་རྣམ་པ། འབྱུང་བ་ཉག་གཅིག་ལ་བཀོད་ན་གསེར་གྱི་རུས་སྦལ་སེར་པོ་ལ་བསྐོར་བའི་ཤིང་མེ་ས་ལྕགས་ཆུ་ཡི་འགོད་ལུགས་དང་བསྟུན་ཡོད། དེས་ན་འབྱུང་བའི་འཁྲུག་པ་སེལ་བ་དང་སྙོགས་པ་བསལ་བའི་ཆེད་དུ་གཤེན་ཆེན་དག་གིས་ཕྱོགས་སོ་སོར་ས་དཔྱད་དང་མཐུན་པའི་སྒོས་གསང་གཟི་སྦ་བ་བྱེད་དོ།
དེ་མིན་པའི་གཟི་རིན་པོ་ཆེ་ཡི་རྣམ་དབྱེ་མཛད་སྟངས་སུ། ཟླུམ་པོ། རྐང་རིང་། ཁྲ་ཆུང་བཅས་པའི་གཟི་ཆུ་མིག་ཅན། གཟི་བསྡམས་དཀྲིས་ཅན། གཟི་སྟག་ལོག  གཟི་པད་པུམ། དཀར་ཁྲ་མན། མཆོང་གཟི། ར་མིག ལུག་མིག གནམ་ས་སོགས། དབྱིབས་སུ་ནར་མོ་དང་རིལ་བོ། སྒོར་སྒོར་ལེབ་མ་བཅས་ཡོད། འདི་དག་ནི་གཟི་ཡི་རྒྱུ་ཆ་དང་རི་མོ། ནུས་པ་སོགས་ནས་དབྱེ་བ་མཛད་ཅིང་། མི་འདྲ་བ་འདི་ལྟར་གྱིས་རྐྱེན་པས་གཟི་དེ་དག་གི་རིན་ཐང་དང་གོང་ཚད་ལ་མཐོ་དམན་ཡོད། གཟི་རིན་པོ་ཆེ་ཡོངས་རྫོགས་སུ་གཟི་ཆུ་མིག་ཅན་དེ་ཡག་ཤོས་སུ་ངོས་འཛིན། དེ་ཡང་ཕོ་གཟི་རབ་ཅན་དང་མོ་གཟི་མཆོག་ཅན་གྱི་ཆུ་མིག་དགུ་པ་ཅན་དེ་སྲིད་ན་དཀོན་པའི་གཅེས་ནོར་ལྟར་ཤིན་ཏུ་རིན་ཐང་ཆེ། དེ་ནི་མིག་དགུ་ལྡན་ཐེག་པ་རིམ་དགུ་མཚོན། ཕུན་ཚོགས་གྲངས་ཀྱི་མཐའ་མ་ནུས་པ་སྟོབས་ཀྱིས་འབྱུང་བའི་གྲངས་ཀ་དགུ་དེ་གཡུང་དྲུང་སྲིད་པའི་མཛོད་ཕུགས་བསྟན་པ་ལས། མེད་པ་སྐལ་པ་དགུའི་མཛོད། ཅེས་གསུངས་པ་ལྟར། ཡང་ན། ལྷ་གསས་དགུ་བརྒྱ་དགུ་འབུམ། སྲིད་པའི་ལྷ་དགུ། རི་ནག་པོ་དགུ། མཚོ་གླིང་འབྲུ་མིག་དགུ་སྐོར། གྲུབ་པའི་གཤེན་དགུའང་སྟོན་པ་རབ་དགུ ། མེ་ཏོག་མཛེས་དགུ། སྨེ་བ་དགུ་བཅས། གཡུང་དྲུང་བོན་གྱི་མཆོད་སྤྲིན་གྱི་ཆོ་ག་ཁག་ཏུ་སྟ་གོན་གྱི་རིམ་པའི་ཁྲོད་མཆོད་གཏོར་ཆ་དགུ་རུ་བཤམས། རིན་པོ་ཆེའི་སྣོད་གཙང་མ་དགུ། ལྷ་ཕྱག་དགུ་བཅས་གྲངས་ཀྱི་མཐའ་ཅན། གྲངས་ཀ་གཅིག་གི་ཡོད་རྒུ་དང་ཡོད་དགུ་ཞེས་ཡོངས་རྫོགས་དང་ཚང་མ། མ་ལུས་པ་མཚོན་པས་ན་གཟི་ཡི་ཕྱག་རྒྱ་ནང་མིག་དགུ་དེ་མུ་ཁྱུད་ནང་བཙུད་ཡོད། དེ་མིན་ཆུ་མིག་གཉིས་པ། མིག་གསུམ་པ། བཞི་པ། ལྔ་པ། དྲུག་པ། བདུན་པ། བརྒྱད་པ། དགུ་པ། བཅུ་གཅིག བཅུ་གཉིས། བཅུ་དྲུག ཉི་ཤུ་ལྷག་བཅས་འགོད། གཞི་ལྡན་ནག་པོ་ལ་དཀར་པོའི་ཐིག་རིས་དང་ཁ་དཀྲིས་ཅན་གྱི་ནག་ཁྲ་དེ་མང་བ་དང་བཟང་། ཚོས་མདངས་གཞན་དག་ཅུང་ཞན་ཙམ་ཡོད། དཔེར་ན་ཆུ་གཟི་ཆུ་མིག་དགུ་པ་ལྟ་བུའོ། ཆུ་མིག་སོ་སོ་ལ་བཤད་པ་ཐུན་མིན་ཞིག་ཡོད་ཀྱང་འདིར་རྒྱས་པ་མ་སྤྲོས། གཟི་ཆུ་མིག་འདི་གལ་སྲིད་མུ་ཁྱུད་ཀྱི་ཐག་རིས་མེད་ན་མིག་བདག་མེད་འདྲེ་མིག་ཅེས་གཟི་གཞན་པའི་ཟུར་རྒྱན་ཙམ་དུ་གྱུར། འདི་ཆུ་མིག་ཅེས་ན་དོན་དུ་སྒོར་སྒོར་ཐིག་རིས་ཅན་ལ་གོ། གཟི་རིན་པོ་ཆེ་ཡི་བརྗོད་པ་རུ་ཐིག་རིས་ལ་རྣམ་པ་གཉིས་ཡོད། གཅིག་ནི་ཆུ་མིག་ཅན་གྱི་མིག་ལྟར་གཟི་རྡོའི་ངོས་སུ་འཆར་བ། གཞན་གཅིག་ནི་བསྡམས་དཀྲིས་དེ་ཡིན། འདི་གཉིས་ལ་སྔ་མ་དེ་མིག་ཉལ་མ་དང་ཕྱི་མ་དེ་མིག་ལངས་མ་ཅན། རྒྱལ་པོ་ཆེན་པོ་འདའ་ཀ་ལྷ་ཡུལ་དུ་གཤེགས་དུས་ཆུ་མིག་དང་བསྡམས་དཀྲིས་གཉིས་ལྷན་དུ་བཙུད་དགོས་ཤིང་། ཆུ་མིག་ཅན་དུ་མིག་ལྔ་པ་དང་བདུན་པ་གཉིས་ཤིན་ཏུ་དཀོན་པ། བསྡམས་དཀྲིས་དེ་ཕལ་ཆེར་དཀྲིས་ཀ་ལྔ་པ་དང་བདུན་པ་ཤ་སྟག  འདི་ནི་གང་འོས་མཐུན་པ་ཞིག་མ་ཡིན་པར་འོལ་མོ་ལུང་པས་ཆེད་དུ་བཟོས་བར་གྲགས།
སྤྱིར་ན་གཟི་ཡི་རི་མོ་དང་ཚོས་གཞི་མི་འདྲ་བ་དེ་ཚོ་ཆེས་སྔ་མའི་སྐབས་སུ་དབང་ཆ་དང་གྲལ་རིམ་མཚོན་ནའང་། རྗེས་སོར་ལས་སྣ་ཚོགས་པ་ཞི་རྒྱས་དབང་དྲག་གི་ཚུལ་དུ་འཇིག་རྟེན་པའི་མིག་སྔར་རུ་འཆར། གཞན་ཆུ་མིག་དང་གྲུ་བཞི་ཁ་གང་མ། ཡང་ན་གྲུ་བཞི་ནར་མོ། ཡང་ན་གྲུ་བཞི་སྐེད་བསྡམས་གཉིས་ཁ་སྤྲོད་པ་དེར་ཆུ་བང་ཁ་སྤྲོད། ཁ་རྒྱུན་དུ་འདི་ལ་ལྟ་བའི་མིག་དང་ཟ་བའི་ཁ་ཞེས་ཆེས་སྔ་མོའི་སྨོན་ལམ་མིག་ལ་ཡ་མཚན་ལྟད་མོ་གང་། །ཁ་ལ་བདུད་རྩི་ཟས་དང་འགྲོགས། །ཅེས་པ་དང་མཚུངས། སྐབས་འགར་ཆུ་བང་ཉིས་ཉེད་ཅན་དེ་ནམ་རྒྱུན་གྱི་ཆུ་བང་ཁ་སྤྲོད་ལས་རིང་བའང་ཡོད།
གཟི་བསྡམས་དཀྲིས་མ་ལ་རིགས་གཉིས། བསྡམས་པ་དགུ་སྒྲིལ་དང་བསྡམས་དཀྲིས་གཉིས། འདི་ལ་རིགས་དབྱེ་བའི་རྒྱུ་མཚན་ནི་གཟི་གཉིས་ཀའི་རྡོ་རྒྱུ་ལ་ཆེད་སོང་བའི་རྐྱེན། དགུ་སྒྲིལ་ནི་གཟི་རྡོ་དངོས། བསྡམས་དཀྲིས་ཀྱི་རྡོ་ནི་དེ་ལས་ཞན་པ་ཞིག དགུ་སྒྲིལ་ནི་གཞི་ནག་པོ་ལ་དཀྲིས་དཀར་པོའི་བརྒྱན་པ། ཕལ་ཆེར་དཀྲིས་གྲངས་དགུ་དང་བདུན་ཅན། དཀྲིས་གྲངས་དགུ་པའི་དཀྱིལ་རིས་དེ་དཀྲིས་གཞན་པ་ལས་ཞིང་ཆེ་བ་ཡོད། དགུ་དཀྲིས་འདི་ཉིད་གཟི་རིན་པོ་ཆེ་ཡོད་ཚད་ལས་སྐུ་སྲུང་གི་ནུས་པ་ཆེ་ཤོས་དེ་གྲགས། མིང་གཞན་ལ་ཆུ་མིག་དགུ་སྒྲིལ་དང་ཡང་ན་ནག་པོ་དགུ་མདུད་ཅེས་འབོད། བགེགས་སྤྲད་པའི་ནུས་པ་ཤིན་ཏུ་ངར། གཟི་འདི་ལྟར་ལག་ཏུ་མ་ཟིན་ན་བལ་སྐུད་ནས་མདུད་པ་དགུ་མདུད་འདོགས་ཏེ་གཟི་ཡི་ཚབ་བྱེད་པ། ཆེས་སྔ་མའི་སྐབས་སུ་གཟི་འདི་དག་དེ་འཕྲེད་དུ་མི་འདོགས་པར་ཐད་དུ་བསླངས་ནས་མགུལ་ལ་འདོགས་དགོས། བསྡམས་དཀྲིས་མ་ནི་གཞི་དཀར་པོ་ལ་དཀྲིས་ནག་པོ་ཅན། གཞི་སེར་པོ་ལ་དཀྲིས་དཀར་པོ་ཅན་དེ་མང་། སྤྱི་རི་མོ་སེར་ཁྲ། ནག་ཁྲ། དཀར་ཁྲ། ཁམ་ཁྲ་བཅས། མིང་གཞན་ལ་འཕྲ་མིན་ཡང་ན་དཀར་ཁྲ་མན། རྦ་བཞེད་སོགས་ནས་གསུངས་པའི་འཕྲ་མིན་གྱི་མཆོད་རྟེན་དག་ནི་འཕྲ་མིན་ཆེ་ཆུང་མང་པོས་ཕྲ་རྒྱན་པ། གཟུངས་ཞུགས་དེའང་འཕྲ་མིན་ཁོ་ན་འབུལ་བ་ནས་གསུངས།
སོ་རིས་ཅན་གྱི་གཟི་ལ་རྟ་སོ་མ། སྟག་སོ་མ། གཟིག་སོ་མ། ལུག་སོ་མ་བཅས་ཡོད། གཟི་འདི་དག་དེ་བར་ཆད་བཟློག་པའི་ནུས་པ་ཆེ་བ་གླེང་།
ཞི་དྲག་རྡོ་རྗེ་ནི་གཟི་ནར་མོ་དེའི་ངོས་སུ་དྲག་པོ་རྡོ་རྗེའི་རྭ་ཁ་ཕྱེ་བ་གཉིས་དང་ཁ་བཙུམ་པ་གཉིས། གཟི་འདི་ནི་དཀོན་པའི་གཟི་རིགས་ཀྱི་མཆོག་ལྟ་བུ་དེ་ཡིན། ཕལ་ཆེར་གུ་རུ་རིན་པོ་ཆེ་བོད་ལ་བྱོན་དུས་ཀྱི་གཟི་ཡིན་པར་ངེས།
གྲུ་མིག་དྲུག་པ་དང་བརྒྱད་པ་ཅན། ཁ་ཤས་ནས་གྲུ་བཞི་ལྷམ་པའི་གཟུགས་འདི་རྡོ་རྗེ་དང་འཁྲུལ་ནས་རྡོ་རྗེ་ཞེས་འབོད་པ་དེ་གླེན། དེ་མིན་གཟི་ལ་ནས་འབྲུ་མ། འཇའ་རིས་མ། ཆུ་རིས་མ། ལུག་མིག  ར་མིག  གཡུང་དྲུང་མ། ཞིང་ཁམས་འཁོར་ལོ། སྒོ་དང་པོ། མཚན་མ་ཁ་སྤྱོད། སྟག་ལོག་དྲ་སོ་སོགས་རི་མོ་ནས་ཁྱད་པའི་རིགས་མང་།
གཟི་སྟག་ལོག་ནི་རིལ་མོ་ཟླུམ་པོ་ཅན། རི་མོའི་སྒོ་ནས་དབྱེ་ན་སྟག་ལོག་ལ་ཆུ་རིས་ཅན། འཇའ་རིས་ཅན། ཐག་རིས་ཅན། རྐྱང་མ། དྲྭ་སོ་ཅན་སོགས་གང་མང་ཞིག་མཆིས། མཆོང་གཟི་སྟག་ལོག་གི་རི་མོ་མང་ཤོས་དེ་སྦལ་རིས་དྲྭ་ཅན།
གནམ་ས་ཁ་སྤྲོད་ནི་གཟི་ནག་རིལ་ཅན་པའི་དཀྱིལ་དུ་སྐུད་རིས་གཅིག་དང་ཕྲ་མོ་ཁ་ཤས་ཡོད་པ་དེ་ལ་གོ  གཟི་འདིར་གནམ་ས་ཞེས་པ་ནི་གཟི་ལྟོ་བའི་ཐད་ཀྱི་དཀྲིས་ཀ་གཅིག་དེ་ནས་ཡར་མར་བྱེད་པས་གསལ་མདངས་ཆེ་བའི་གནམ་དང་གསལ་མདངས་དབེན་པའི་ས་གཉིས་སོ་སོར་མཚོན། ཁ་ཤས་ནས་གཟི་འདི་རིགས་ལ་དཀར་ཁྲ་མན་ཞེས་ཀྱང་འབོད།
གཟི་རིལ་པད་པུམ་ཅན་དེ། གཟི་རིལ་མོའི་ནང་གོང་ཚད་ཆེ་ཤོས་དེ་ཡིན། འདི་ལ་དབྱེ་ན་པདྨ་བུམ་པ། དེ་པདྨའི་འདབ་ལྡེམ་སྟེང་དུ་ཚེ་བུམ་བཀོད་པ་དང་ཚེ་བུམ་གྱི་ལྟོ་བར་པད་མ་བཀོད་པ། པདྨ་ཁ་སྤྲོད་ནི་པད་འདབ་གཉིས་ཁ་སྤྲོད་དེ་འགོད་པ། ཚེ་བུམ་ཁ་སྤྲོད་དེ་བུམ་པ་ཕར་ཚུར་ཁ་སྤྲོད་པ། ཡང་ན་ཁ་སྤྲོད་ལྟར་མ་ཡིན་པའི་བུམ་པ་ཅན་དང་པདྨ་ཅན་ཡང་ཡོད། ཁ་ཤས་ནས་གཟི་རིལ་འདི་རྣམས་སྟག་ལོག་གི་རིགས་སུ་ཁུར། པད་བུམ་ཅན་ལ་བརྗོད་པ་ཕུན་ཚོགས་ཡོད་ཀྱང་འདིར་རྒྱས་པ་མ་སྨོས།
ཆུ་གཟི་ནི་མིག་དགུ་པ་ཅན་མང་། དབྱིབས་ནར་མ་མང་། གཟི་རྒྱུ་ནི་གཡང་ཊི་དང་སྙི་པོ་ཅན་གྱི་རྡོ་དཀར་ཞིག འདི་ཤེལ་དང་ཕྱོགས་མཐུན་པས་ཤེལ་གཟི་ཟེར། ཡང་ན་ཆུ་ཡི་རང་མདངས་ཅན་གྱི་ཆུ་གཟི་ཡང་ཟེར། མིག་དང་ལྡབ་རིས་དེ་མངོན་ལ་མ་མངོན་ཙམ། ཤིན་ཏུ་ཐུན་མིན་ཅན་མཛེས་པ་ཡོད། ཁ་ཤས་ནས་ཆུ་གཟི་འདི་ལོ་རྒྱུས་མི་རིང་གི་སྨྲ་ཡང་ཞང་ཞུང་གི་ཆེས་སྔ་མོ་ཞིག་ནས་ཤེལ་གྱི་ཚ་ཚ་བྱེད་པར་ལྟོས་ན། ཆུ་གཟི་ཡི་ནང་ལོ་རྒན་པོ་ཅན་མང་པོ་མཉམ་དུ་དོན་པ་འཚམས། ཆུ་གཟིའི་གཟི་རྒན་གྲས་དེ་ལོ་གྲངས་ཆེས་སྔ་བ་ཡོད།
གཞན་པ་མཆོང་གཟི་དང་ཤིང་གཟི། རྣམ་སྲས་གཟི་དམར་སོགས་ལ་རི་མོ་དང་ཕྱག་རྒྱ་ཅི་མང་མཆིས། ཁ་ཤས་བོད་དང་ཁ་ཤས་མི་རིགས་གཞན་པའི་ནོར་བུ་ཡིན། འདིར་རྒྱས་པ་མ་སྨོས།
 བཟོས་འཆུག་པའི་གཟི་དང་གཡང་གཟི།
 གཟི་རིན་པོ་ཆེ་དག་གི་ཁྲོད་དུ་སྐབས་འགའ་མཚོན་དོན་རྙེད་པ་དཀའ་བའི་རི་མོ་ཡ་མཚན་པ་དག་མཐོང་ཅིང་། འདི་དག་ནི་སྔར་གྱི་དུས་གཟི་བཟོ་བའི་སྐབས་སུ་མེ་དྲོད་དང་རླུང་དབུགས་ལ་འགྱུར་བ་འགྲོ་ནས་གཟི་ཁ་ཁུར་ཡི་རི་མོ་འཆུག་ཤོར་བ་དེ་ཡིན། དཔེར་ན། ཆུ་བང་འཆུག་པ་དེ་ཆུ་མིག་ཐད་ཀར་ཡོད་ཀྱང་གྲུ་གཟུགས་བཀྱོགས་ཏེ་ངོས་མི་ཟིན་པར་འགྱུར། གནས་ཚུལ་འདི་ལྟར་དེ་དཀར་ཡོལ་བཟོ་དུས་སུའང་དོན་པ་མང་། བོད་པས་རི་མོ་འཆུག་སོང་བའི་གཟི་དེ་དག་ཤིན་ཏུ་ངོ་མཚར་བའི་འགྱུར་བ་དང་ནུས་པ། རྟེན་འབྲེལ་དུ་འཇོག་སྟེ་རྩིས་ཆེར་འཛིན། མིང་ཡང་གཡང་གཟི་ཞེས་རྟེན་སྒམ་དུ་ཉར། ཁ་ཤས་ནས་གཡང་གཟི་ཞེས་ན་གཟི་ཆག་ཕྱེད་ཀ་ཅན་དེར་ངོས་འཛིན་གནང་པའང་འདུག
དེ་མིན་ཡང་གཟིའི་ཁྲོད་ཤིན་ཏུ་གསང་བ་དང་ཆེས་དཀོན་པ་ནི་རྣམ་སྲས་འགྱུར་གཟི་ཡིན། གཡང་གཟི་འདི་གཟི་ཡི་བདག་པོ་ཡང་ན་གཟི་ཡི་དབང་པོ་ཞེས་འབོད་ཆོག བསམ་འཕེལ་ནོར་བུ་ཟེར་ན་འགྱུར་གཟི་འདི་ཉིད་ལ་གོ འགྱུར་གཟི་འདི་བཟོ་སྐབས་སུ་མེ་ནང་ཐེངས་མང་ཕབ་སྟེ་ཉུང་མཐར་ཐེངས་མ་གསུམ་ཙམ་ལན་བཟློས་ལྟར་གྱིས། བཟོས་ཟིན་པའི་གཟི་དེ་དབྱིབས་ནར་མོ་ཅན་མདོག་ལ་ནག་མདོག་དང་ཁམ་མདོག་ཤས་ཆེ། མཆོང་གཙང་མ་ལྟར་གཟི་ངོས་སུ་རི་མོ་མི་མངོན། ཡིན་ན་གཡང་གཟི་འདི་གནས་རི་དང་ལྷ་ཁང་དུ་འཇོག་ན་གཟི་ཡི་མདོག་འགྱུར་འགྲོ་ཞིང་། རིམ་པར་གཟི་ངོས་སུ་འགྱུར་མིག་དང་ཐག་རིས་འཆར་ཡོང་། གལ་ཏེ་གནས་དེ་དག་དང་བྲལ་ན་གཟི་མདོག་རང་སོར་འགྱུར་ཞིང་། ཆུ་མིག་དང་རི་མོ་ཡིབ་སྟེ་མི་མཐོང་བ་ཆགས། འགྱུར་གཟི་གཡང་མཛོད་དུ་ཉར་དུས་ངེས་པ་ཅིག་ནི་གཟི་དང་ནོར་ལྷ་གཉིས་སྦྲེལ་ཏེ་འཇོག་དགོས། ཡ་མ་བྲལ་བ་དགོས་པ་བཤད།
 མཐུ་དང་མནན་པའི་གཟི།
    མཐུ་དང་མནན་པ་ཅན་གྱི་གཟི་དེ་གཟི་ལོང་བ་དེ་ཡིན། གཟི་ལོང་བ་ཞེས་ན་སྐུད་པ་འགྲོ་སའི་མིག་ཁུང་ཕུག་མེད་པའི་གཟི་ནར་མ་དང་རིལ་མོ་གང་རུང་། སྔོན་གྱི་དུས་སུ་གཤེན་ཆེན་རྣམ་པས་རྦོད་གཏོང་སྲི་གནོན་སོགས་ཀྱི་ཆོ་གའི་ནང་གཟི་ལོང་བ་དེ་བེད་སྤྱོད་ཅིང་། སུ་གང་རུང་གི་གཟི་ལོང་བ་དེ་རྙེད་པ་དང་ཁྱིམ་དུ་འཛིན་ན་དུད་ཀ་དེ་ཤུལ་མེད་དུ་འགྲོ་བའི་ལྟས་ངན་ཉག་ཅིག ཡང་ན་མི་དང་སྒོ་ཕྱུགས་སོགས་ལ་ནད་ན་ཚ། གདོན་གུད་ཁ་ཡོང་བར་བརྟེན། འདི་སྐོར་གཟབ་དགོས་པར་བྱ།
 ཞང་ཞུང་མཐའ་འཁོར་གྱི་གཟི།
    ཞང་ཞུང་འོལ་མོ་ལུང་རིང་གི་མཐའ་འཁོར་རུ་གཟི་དོན་པའི་ཡུལ་གཞན་པར། ཨ་རོབ་ཡུལ་གྱི་ཏ་ཟིག  རྒྱ་གར་དང་དེའི་རྒྱལ་ཕྲན་ཨོ་རྒྱན་གྱི་ཡུལ། ཁ་ཆེ། བལ་པོ་སོགས་ཡོད། ཡུལ་འདི་ཚོ་ལ་གཟི་ཡོད་པའི་རྒྱུ་མཚན་གཙོ་བོ་ཞིག་ནི་དེ་དུས་ཀྱི་གཡུང་དྲུང་གི་བསྟན་པ་དང་ཏ་ཟིག་གཤེན་ཆོས་སྦྱིན་སྲེག་ལུགས་སོགས་ནས་ཡུལ་དེ་དག་ན་ཤིན་ཏུ་དར་རྒྱས་ཆེ་བའི་རྐྱེན་པས། དེ་དག་གི་ཡུལ་ནས་དོན་པའི་གཟི་མང་ཤོས་མཆོང་གཟི་དང་རྣམ་སྲས་གཟི་དམར་ཤ་སྟག་ཡིན། དབྱིབས་ནར་མ་ཕྲ་ལ་རིང་བ། གཟི་ཡི་སྐུད་རིས་ཕལ་ཆེར་ཕྲ་ཞིང་དཀར་བ། མིག་དང་རི་མོ་ལ་ངེས་པ་དེ་ཙམ་མ་མཆིས་པ་ནམ་རྒྱུན་མགུལ་རྒྱན་འདོགས་སྐབས་བཞི་སྦྲེལ་དང་ལྔ་སྦྲེལ་བྱེད་དེ་ཡོད།
  ཨ་གྲགས་གཟི་རྫོང་ལས་འདོན་པའི་གཟི་སྣ་ཚོགས།
    ཨ་གྲགས་གཟི་རྫོང་ཁྲ་བོ་གཟི་རྫོང་ཕབ་པའི་ལེའུ་ནང་བསྟན་པ་ལྟར། གཟི་ཡི་རིགས་ལ་རྣམ་པ་སྣ་ཚོགས་ཞིག་སྤྲོས་ཡོད། མིང་དེ་དག་དང་བསྟུན་ན་གཟི་དུ་མ་ཞིག་དེང་སང་ཡང་ངེད་ཅག་གི་མཐོང་ཡུལ་དུ་མ་འབབ་པར་སྙམ། དཔེར་ན། གཟི་ཡི་བུམ་པ། གཟི་ཡི་ཕོར་པ། གཟི་ཡི་སྐུ་འདྲ། ཁྲ་མན་གཟི་ཡི་མདོང་མོ་སོགས། དེ་མིན་གཟི་ཡི་རིགས་དང་གྲངས་ཀ་ལ།
སྟག་ལོག་ལ།
 གཡང་སྒམ་དུང་གི་སྒྲོམ་བུའི་ནང་། །གཟི་སྟག་ལོག་སྟག་གི་རི་མོ་ཅན། །ཡང་ལོག་མཆུལ་པའི་ནང་འཛུམ་ཅན། །གཡང་ལོག་ཚེ་བུམ་ཁ་སྤྲོད་ཅན། །ཆེ་ཆེ་རྨ་བྱའི་སྒོ་ང་ཙམ། །ཆུང་ཆུང་ཅོ་གའི་སྒོ་ང་ཙམ། །ལྔ་ཁྲི་དྲུག་བརྒྱ་ཡོད་དོ་སྐད། །
ཁྲ་ཆེན་ལ།
 གཡང་སྒམ་མཆོང་གི་སྣམ་བུ་ཅན། །གཟི་ཁྲ་ཆེན་དུང་གི་ལྕགས་རི་ཅན། །
ཁྲ་ཆུང་ལ།
 གཡང་སྒམ་གཡུ་ཡི་སྒྲོམ་བུའི་ནང་། །གཟི་ཁྲ་ཆུང་ཁྲ་ཡི་ཐིག་ལེ་ཅན། །ཡང་ཆུང་ཤ་བའི་ཡའི་ཅན། །ཞེ་ཆུང་གླ་བའི་མཆེ་བ་ཅན། །ཉིས་འབུམ་དྲུག་ཁྲི་ཡོད་དོ་སྐད། །
མཆོང་རྣམས་གཡུ་ཡི་སྒྲོམ་བུ་ནང་། །གཟི་ཁྲ་ཆུང་སྒྲོན་བུའི་སྟག་རིས་ཅན། །
ཁྲ་རིང་ལ།
  གཡང་སྒམ་པདྨའི་སྒྲོམ་བུའི་ནང་། །གཟི་ཁྲ་རིང་ཁྲག་གི་རྫི་མ་ཅན། །ཡང་རིང་ནག་ཁྲག་དགུ་མིག་ཅན། །ཞེ་རིང་ཉི་ཟླ་ཁ་སྤྲོད་ཅན། །ཉིས་འབུམ་བརྒྱད་ཁྲི་ཡོད་དོ་སྐད། །བྱུར་སྒམ་པདྨའི་སྒྲོམ་བུའི་ནང་། །གཟི་ཁྲ་རིང་ཁྲ་མོའི་སྦུ་གུ་ཅན། །
ཁྲ་ཐུང་ལ།
གཡང་སྒམ་མུ་མེན་སྒྲོམ་བུའི་ནང་། །གཟི་ཁྲ་ཐུང་བྲག་གི་རི་མོ་ཅན། །ཡང་ཐུང་རྨ་ཆུ་ཁུག་སོ་ཅན། །ཞེ་ཐུང་ལྕོང་མོའི་རྔ་མ་ཅན། །སུམ་འབུམ་དགུ་ཁྲི་ཡོད་དོ་སྐད། །
མཆོང་སྒམ་མུ་མེན་སྒྲོམ་བུའི་ནང་། །གཟི་ཁྲ་ཐུང་ཁྲ་ཡི་དིང་རུ་ཅན། །
ཁྲ་ཡག་ལ།
གསེར་སྒམ་དུང་གི་སྒྲོམ་བུའི་ནང་། །གཟི་ཁྲ་ཡག་སྟག་གི་རི་མོ་ཅན། །ཡང་ཡག་གཟིག་གི་ཐིག་ལེ་ཅན། །
ཁྲ་ཆེན་ལ།
གཡུ་སྒམ་མཆོང་གི་སྒྲོམ་བུའི་ནང་། །གཟི་ཁྲ་ཆེན་ཁྲབ་ཤོག་རི་མོ་ཅན། །དེ་མིན་གཟི་ལ་གཟི་གར། གཟི་སེར། གཟི་ཁམ་ཁྲ། གཟི་ནག་ཁྲ། གཟི་ཁྲ་ཡག་བཅས། ཡང་ན་གཟི་སྟག་ཁྲ་སྟག་མོའི་འཛོམས་དྲུག་ཅན། གཟི་ཁྲ་ཆེན་ཁྲ་མའི་དོར་མ་ཅན། གཟི་ཁྲ་ཆུང་གཟིག་མོའི་ཐིག་ལེ་ཅན། གཟི་ཁྲ་རིང་ཁྲ་མ་སྦུ་གུ་ཅན། གཟི་ཁྲ་ཐུང་མཁར་གྱི་སྒོ་མོ་ཅན་བཅས་སོ། །
 གཟི་ཡི་ལག་རྩལ་ཉམས་པའི་སྐོར།
   གཟི་རིན་པོ་ཆེ་འདི་ཐོག་མར་བསྐྲུན་ནས་ད་དབར་ལོ་ངོ་བཞི་སྟོང་ཙམ། བརྒྱུད་རིམ་འདི་ཡི་ཁྲོད་དུ་གཟི་ལ་འགྱུར་བ་གང་མང་ཞིག་ཐེབས་ཀྱང་སྐྱོན་ཆེ་མེད། ཡིན་ནའང་ཆེས་ཡིད་སེམས་སྐྱོ་དགོས་པ་དེ་གཟི་བཟོ་བའི་ལག་རྩལ་ཉམས་ཟིན་པ་དེའོ། འདི་ནི་བོད་མིའི་ལག་རྩལ་བཟོ་ལུགས་དུ་མ་ཞིག་ཉམས་པ་དང་བཟོ་རྒྱུན་ཆད་པའི་གྲལ། དེས་ན་གཟི་བཟོ་བའི་ལག་རྩལ་ཉམས་པའི་རྒྱུ་མཚན་གཙོ་བོ་དེ་གཅིག་ན། སྔར་ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོའི་སྐབས་གཟི་བཟོ་བའི་ལག་སྲོལ་ཆེས་དར་ནའང་ཁྱབ་སྤེལ་ཆེར་གཏོང་མ་ཐུབ་པ། གཟི་དེ་གསང་བའི་སྒོ་ནས་བཟོས་པ་དང་ཁྱིམ་རྒྱུད་འགའ་ནས་རྐྱང་བརྒྱུད་བྱེད་པའི་ཁོར་ཡུག་ཏུ་ལག་རྩལ་རྒྱུན་ཆད་པའི་ས་བོན་ཐོག་མ། གཉིས་ན་བོད་ཡུལ་དུ་ནང་བསྟན་རྒྱ་ཆེར་སྤེལ་བའི་ཤུགས་རྐྱེན་འོག་སྔར་གཡུང་དྲུང་གི་སྲོལ་གང་མང་ཞིག་བོར་བརླག་ཐེབས་པས་གཟི་ཡང་སྔ་ཡོད་ད་སྤྱོད་བྱེད་པ་ཙམ་ལས་གཟི་གསར་པ་བཟོས་པའི་ལུགས་དེ་རིམ་པར་ཉམས། བསྟན་པ་ཕྱི་དར་གྱི་མཚམས་སུ་གཟི་བཟོ་མཁན་དག་ཤིན་ཏུ་དཀོན་པས། གཟི་བཟོ་ནས་འཚོ་བ་བརྟེན་པ་དེ་རྨི་ལམ་ཙམ། དེ་ན་ལག་རྩལ་བརླག་ཤོར་བ་དེ་སྨོས་མ་དགོས་པ་ཞིག་རེད།
 གཟི་ཡི་ཕན་ཡོན།
   གཟི་ཡི་ཕན་ཡོན་སྒྲོག་ན་གོང་དུ་སྨོས་ཟིན་པའི་ནུས་པ་དག་མངའ་བ་མ་ཚད། གསོ་རིགས་སྨན་གྱི་སྐབས་སུ་ཐུན་མིན་གྱི་དགེ་བའང་ཕན་ནུས་ཆེ་བ་གྲགས། རིན་ཆེན་རིགས་ཀྱི་སྨན་རྫས་མཆོག་ཅིག་ཡིན། རྐྱང་པའི་ཕན་ཡོན་བལྟ་ན། གཟའ་ནད་དང་། མགོ་གཟེར་གྱི་རིགས་སེལ། མིག་ལ་ཕྱིས་ན་མིག་ནད་སེལ། གཟི་ཆུ་ནང་སྦངས་པའི་ཆུ་བཏུང་ན་གཟའ་ནད་ཁྲག་ལ་བབ་པ་འཇོམས། ལྕག་རྡེབ་པས་ཁྲག་གཟེར་སེལ། 
མཇུག་སྡོམ་གྱི་ཤིས་པ།

གཟི་བརྗིད་བླ་ན་མེད་པའི་གངས་ལྗོངས་ཀྱི་རི་ལ། །
གཟི་འོད་རབ་ཏུ་འཕྲོ་བའི་ཞང་ཞུང་གི་ཉི་མ། །
གཟི་མདངས་མངོན་པར་དགའ་བ་ཤེས་རབ་ཀྱི་འོད་ཟེར། །
གཟི་སྟོབས་དཔལ་དང་ལྡན་པས་འཛམ་གླིང་དུ་འཕྲོས་སོང་། །
  གཟི་ལྡན་ལྷ་ཡིས་གནང་བ་གངས་ལྗོངས་ཀྱི་གཅེས་ནོར། །
གཟི་རྔམ་ཟིལ་གྱིས་གནོན་པ་ནོར་བརྒྱ་ཡི་དབང་པོ། །
གཟི་བྱིན་དཔག་ཏུ་མེད་པ་འགྱུར་མིག་གི་འོག་ཏུ། །
གཟི་མཐུ་ཡོངས་སུ་རྫོགས་པ་བོད་མི་ཡི་བསོད་ནམས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1