༄༅།། གེ་སར་དང་གླིང་གེ་སར་སྐོར་ལ་ཅུང་ཟད་དཔྱད་པ།

རྫ་ཕྲུག་ཚེ་རིང་འགྱུར་མེད། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-17


        འདིར་གླིང་གེ་སར་གྱི་ལོ་རྒྱུས་དང་སྙན་སྒྲུང་ལ་ཞིབ་འཇུག་བྱེད་ཁུལ་གྱི་མཁས་རློམ་ཁ་གཅིག་གིས།གེ་སར་དང་གླིང་གེ་སར་བར་གྱི་ཁྱད་པར་མ་རྟོགས་པར་གེ་སར་ཡིན་ན་གླིང་གེ་སར་ཡིན་དགོས་སྙམ་སྟེ།རྗེ་གཉའ་ཁྲིའི་སྐུ་དུས་ཀྱི་ཁྲོམ་གེ་སར་དང་།ཆོས་རྒྱལ་སྲོང་བཙན་སྐབས་ཀྱི་གེ་སར་དམག་གི་རྒྱལ་པོ།ཏུན་ཧོང་གི་གཏེར་ཡིག་འཇམ་དཔལ་རྩལ་རྒྱུད་ལས་གསུངས་པའི་གེ་སར་ལྔ།གཞན་ཡང་ཧོར་གེ་སར།བྱང་གེ་སར་སོགས་ལམ་མགོ་རྨོངས་ནས་གླིང་གེ་སར་འདི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ནམ་ཤར་ཙོང་ཁའི་རྒྱལ་པོའམ་གཏན་ནས་ཡོད་མ་མྱོང་བའི་མི་སོགས་གཏམ་བྱུང་རྒྱལ་དུ་སྨྲ་ཞིང་རྩོམ་སྣང་བ་གང་ཤར་འབྲི་བ་ཡོད་དེ།འདི་དག་ནི་བོད་ཀྱི་རིག་གཞུང་ལོ་རྒྱུས་ལ་རྒྱུས་གང་ཡང་མེད་པའི་བབ་ཅོལ་ཡིན་ཕྱིན་རིགས་པའི་བུ་ཆུང་རྣམས་ཀྱིས་བྱིས་པའི་ལབ་རྡོལ་དུ་གཟིགས་ནས་འདོར་ན་ཆོག་དོན་དུ་གེ་སར་ཞེས་པ་སྐྱེས་བུ་རབ་དཔའ་མཛངས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་ལ་གོ་དགོས་ཏེ།ཁྱད་པར་དུ་ཕོ་རྩལ་སྣ་དགུས་ཕྱུག་ཅིང་དགྲ་འདུལ་གཉེན་སྐྱོང་ལ་མཁས་པ་ཀུན་གེ་སར་ཞེས་པའི་མིང་འདོགས་ཆོག་པ་ཡིན།ལོ་རྒྱུས་ཐོག་བོད་ལ་ཡང་གེ་སར་ཞེས་པའི་མིང་གི་ཅོད་པན་འཆང་བའི་སྐྱེས་པ་ཕོ་རབ་དུ་མ་ཞིག་བྱུང་ཡིད་དེ།འདི་ནས་མི་ལོ་སྟོང་ལྷག་གི་སྔ་རོལ་དུ་བྲིས་ངེས་པའི་ཏུན་ཧོང་གི་གཏེར་ཡིག་ཏུ་གྲགས་པའི་འཇམ་དཔལ་རྩ་རྒྱུད་ཀྱི་གཞུང་ཞིག་ལས་ཁ་བ་ཅན་གྱི་རྒྱལ་པོ་སྟོབས་ལྡན་ཞིག་གིས་གེ་སར་ལྔ་བཏུལ་ནས་ཆབ་འོག་ཏུ་བཅུག་ཅེས་གསུངས་ཡོད་ལ།འདི་ཉིད་བོད་ཡུལ་རྒྱལ་ཕྲན་སིལ་མ་བཞི་བཅུ་དང་བཅུ་གཉིས་སོགས་ཀྱི་སྐབས་སུ་རྒྱལ་ཕྲན་གཞན་གྱིས་དོ་ཟླ་མི་ནུས་པའི་རྒྱལ་ཁབ་ཞིག་གིས་གེ་སར་གྱི་མིང་རྟགས་ཁུར་བའི་རྒྱལ་ཕྲན་ལྔ་དབང་དུ་བསྡུས་པའི་ལོ་རྒྱུས་སུ་གོར་མ་ཆག་པ་ཡིན།

ཁྲོམ་གེ་སར་བྱ་བའི་མིང་ཙམ་ལོ་རྒྱུས་ཡིག་ཚང་དུ་མ་ལས་མཐོང་ཐུབ་ཀྱང་།དེ་ཉིད་ཀྱི་ལོ་རྒྱུས་ཅུང་གསལ་བ་ནི་བོན་གྱི་ཡིག་ཚང་ན་མ་གཏོགས་མཐོང་བ་དཀོན།དེ་ཡང་ཁྲོམ་གེ་སར་གནས་པའི་ཡུལ་བོན་གྱི་མདོ་ལས།བྱུང་ཕྱོགས་གེ་སར་ཁྲོམ་གྱི་ཡུལ།མཐའ་རས་ཤ་ཟ་བོད་ཀྱི་གནས།ཉིང་ཤ་ཉིང་གི་ཟ་བའི་ཡུལ།ཞེས་དང་།མི་ལ་གཏུམ་པ་ཆེ་བ་ནི།ཁྲོམ་གྱི་མཐའ་རས་བོད་མི་ཡིན།ཞེས་སོགས་བོད་ཡུལ་བྱང་ཕྱོགས་བོད་དང་སྡེ་འབྲེལ་དུ་གནས་ཤིང་ཕྱིས་བོད་རྗེ་སྲོང་བཙན་སྐུ་དུས་སུ་བོད་ཆེན་པོའི་ཆབ་འོག་ཏུ་ཚུད་པའི་རྒྱལ་ཕྲན་ཞིག་སྟེ།དེང་སང་སོག་བོད་ལི་ཡུལ་གསུམ་གྱི་ས་མཚམས་སུ་གྱུར་བའི་བོད་ཀྱི་ས་ཁུལ་རྣམས་ཡིན།འདི་བོན་གྱི་ལོ་རྒྱུས་རྣམས་སུ་ཆེད་དུ་བཀོད་པའི་རྒྱུ་མཚན་ནི་རྒྱལ་པོ་འདིས་བོན་བསྟན་ལ་མཛད་རྗེས་ཆེན་པོ་བཞག་པའི་དབང་གིས་ཏེ།མདོ་དྲི་མེད་གཟིགབརྗིད་ལས།གཤེན་རབ་ཁ་སྟེ་མུ་ཡ་ཁྱོད།དེ་དུས་དེ་དང་དུས་མཉམ་དུ།བྱང་ཕྱོགས་གེ་སར་ཁྲོམ་ཡུལ་དུ།གེ་སར་རྒྱལ་པོའི་སྐུ་རུ་འཁྲུངས།འགྲན་དེ་ཡ་བོས་བསྒྱུར་བ་ཡི།རང་ཆེ་དྲེགས་པའི་དམུ་རྫོང་ཆོམས།བདེ་གཤེགས་སྐུ་གདུང་བསྟན་པ་སྤེལ།དེ་ནས་འོག་མིན་གནས་སུ་གྲུབ།ཅེས་གསུངས་པ་ལྟར།ཁྲོམ་གེ་སར་རྒྱལ་པོས་ཁྲོམ་ཡུལ་དུ་དམུ་རྫོང་བཅོ་བརྒྱད་བཅོམ་སྟེ་བདེ་གཤེགས་སྐུ་གདུང་བཅོ་བརྒྱད་དུ་བཞེངས་ནས་ཡུལ་ཁམས་བདེ་ལ་བཀོད་ཚུལ་སོགས་གླིང་གེ་སར་གྱི་སྒྲུང་དང་འདྲ་བར་བཤད་རྒྱུ་ཡོད།ཁྲོམ་གེ་སར་རྒྱལ་པོ་བྱུང་བའི་དུས་ནི་བོད་རྗེ་གཉའ་ཁྲི་དང་དུས་མཉམ་ཡིན་པ་བོན་གཞུང་ཕལ་མོ་ཆེ་ལས་བཤད་ཅིང་།གཤེན་ནམ་མཁའ་སྣང་བའི་མདོག་ཅན་ཡང་འདི་དུས་བྱོན་པར་གྲགས།
བཀའ་ཆེམས་ཀ་ཁོལ་མ་དང་།མཎི་བཀའ་འབུམ།པདྨ་བཀའ་ཐང་རྒྱལ་རབས་གསལ་བའི་མེ་ལོང་སོགས་ནས་གསུངས་པའི་གེ་སར་དམག་གི་རྒྱལ་པོ་བྱ་བ་ནི།བོད་ཀྱི་ཤར་མཐའ་འ་ཞ་དང་སྡེ་འབྲེལ་དུ་ཡོད་པའི་རྒྱལ་ཕྲན་ཞིག་ལ་གོ་དགོས་པ་ཡིན་འདུག་སྟེ།མགར་བློན་ཆེན་པོ་རྒྱ་ནག་ཏུ་ཀོང་ཇོ་སྲོང་བཙན་གྱི་བག་མ་བསུ་བར་ཕེབས་པའི་སྐབས་སུ།གེ་སར་དམག་གི་རྒྱལ་པོས་ཀྱང་ཕོ་ཉ་བཏང་ནས་རྒྱ་ནག་གི་ཀོང་ཇོ་ཞིག་བག་མ་བསུ་འདོད་བྱས་པའི་ལོ་རྒྱུས་ཡོད་ཅིང་།ཕྱིས་བོད་དམག་གིས་འ་ཞ་བཅོམ་པའི་སྐབས་སུ་རྒྱལ་ཕྲན་འདི་ཉིད་རང་དབང་མེད་པར་བོད་ལ་མགོ་འབུལ་ཞུས་ཤིང་།འ་ཞའི་རྒྱལ་པོ་ལྟར་ཀོང་ཇོ་བག་མ་བསུ་རྒྱུ་ཕར་ཞོགརང་ཉིད་ཀྱང་བོད་ཆེན་པོ་ལ་ཡ་བཟུང་ལྟ་བུར་སོང་བས་བོད་ཀྱི་ཆབ་འོག་ཏུ་ལྷུང་བ་ཡིན།འོན་ཀྱང་འདིའི་ཆབ་འོག་གི་མི་རྣམས་དཔའ་རྩལ་ཅན་མང་བས་ཕྱིས་སུ་བོད་ཀྱི་མངའ་ཐང་རྒྱ་བསྐྱེད་པ་ལ་མཛད་རྗེས་ཆེན་པོ་བཞག་པ་བོད་ཀྱི་ལོ་རྒྱུས་ཡིག་ཚང་དུ་མའི་ནང་དུ་བཀོད་ཡོད།གཞན་པའི་ཧོར་གེ་སར་དང་བྱང་གེ་སར།གྲུ་གུ་གེ་སར་སོགས་ནི་གོང་ལྟར་མི་དཔའ་མཛངས་ལྡན་པ་ཤ་སྟག་དུ་ངེས་མོད།དེ་དག་གི་ལོ་རྒྱུས་རྣམ་ཐར་ནི་ཁོ་བོས་ཡིག་ཚང་གང་ལས་ཀྱང་མ་མཐོང་བས་འདིར་བཤད་པའི་སྤོབས་པ་དབེན།
གེ་སར་ཐམས་ཅད་ཀྱི་དབུས་ན་རྒྱུ་སྐར་ཁྲོད་ཀྱི་ཉི་ཟླ་ལྟར་བཀྲག་མདངས་འབར་ཞིང་།བོད་རྣམས་ལ་ཅི་བས་ཀྱང་རྒྱུས་ཆ་ཆེ་ལ།འཛམ་གླིང་ཐ་གྲུ་ཡངས་པའི་ཁྲོན་ཀུན་སྙན་པའི་བ་དན་གྱིས་གཡོགས་པར་མཛད་པ་པོ་ནི་གླིང་གེ་སར་རྒྱལ་པོ་སྟེ།འདི་ཉིད་དཔའ་མཛངས་ཀྱི་ཡོན་ཏན་ལ་རང་དབང་ཐོབ་པ་ཙམ་དུ་མ་ཟད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1