༄༅།། གེ་སར་སྒྲུང་དང་སྔོན་དཔག་རིག་པ།

ལྷ་མཆོག་རྒྱལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-17


སྔོན་དཔག་རིག་པ(预测学)ཞེས་པ་འདི་དེང་སྐབས་རྒྱལ་སྤྱིའི་ཐོག་ནས་ཁས་ལེན་པའི་རིག་གཞུང་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང༌།
བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱེད་མཁན་རྣམས་ཀྱི་གྲས་སུ་ད་དུང་བཤད་ཚུལ་དེ་འདྲ་ཞིག་དར་མེད་པས། ཐོག་མར་གདགས་གཞི་འདིའི་གོ་དོན་དང་ཞིབ་འཇུག་ཁྱབ་ཁོངས་ལ་ངོས་འཛིན་ཕྲན་བུ་བྱེད་དགོས་འདུག མི་རྣམས་ཀྱི་འབྱུང་འགྱུར་གྱི་འགལ་རྐྱེན་སྣ་ཚོགས་གཡོལ་བའི་དམིགས་ཡུལ་དུ་འཚོ་བའི་ཉམས་མྱོང་ལ་སྦྱར་ནས་ཚོད་དཔག་སྣ་ཚོགས་བྱེད་པ་ལ་སྔོན་དཔག་རིག་པ་དང༌། དེས་ཞིབ་འཇུག་བྱེད་ཡུལ་ནི་སྔོན་དཔག་གི་གཞི་འཛིན་ས་མཐའ་དག་ཡིན་པར་འདོད།
མི་རྣམས་ཀྱིས་ལས་དོན་སྤེལ་སྐབསའབྱུང་འགྱུར་གྱི་འགལ་རྐྱེན་སྣ་ཚོགས་གཡོལ་གང་ཐུབ་བྱེད་པའི་དོན་དུ་སྔོན་ལ་ཚོད་དཔག་བྱེད་པའི་ཐབས་ལམ་གང་རུང་སྤྱོད་ཀྱིན་ཡོད་ལ། དེ་ཡང་མིའི་ཤེས་རིག་དམའ་བ་ནས་མཐོ་བའི་ཕྱོགས་སུ་འཕེལ་བ་དང་བསྟུན་ནས་ཚོད་དཔག་བྱེད་ཐབས་ཀྱང་རྨོངས་པའི་འདུ་ཤེས་ཙམ་ལས་རང་རྟོགས་ཅན་གྱི་ཕྱོགས་སུ་འཕེལ་བཞིན་པས། ཚོད་དཔག་བྱས་པར་ལྷག་པར་ཚན་རིག་གི་རང་བཞིན་ལྡན་ཞིང༌། འགལ་རྐྱེན་དང་ནོར་འཁྲུལ་སྣ་ཚོགས་སྔོན་འགོག་བྱེད་པའི་ནུས་པ་ཇེ་མཐོར་འགྲོ་བཞིན་པ་རེད། གནའ་དེང་གི་སྔོན་དཔག་བྱེད་ཐབས་ལ་ཕྱོགས་ཆེ་ས་ནས་བལྟས་ན་བྱ་དངོས་འཕེལ་རྒྱས་ཀྱི་གོ་རིམ་གཞི་འཛིན་ས་བྱས་ཡོད་པས། དེས་དོན་དམ་དུ་མྱུ་གུའི་དུས་སུ་འབྲས་བུ་འབྱུང་བ་དཔོག་པ་དང༌། བུད་ཤིང་གི་དུས་སུ་མེ་འབྱུང་བ་དཔོག་པ་ལྟ་བུའི་གནས་ལུགས་ཤིག་གསལ་བཤད་བྱས་ཡོད་པས། ང་ཚོས་ཕྱོགས་དེར་ཞིབ་འཇུག་བྱས་ན་མིའི་རིགས་ཀྱིས་འཇིག་རྟེན་ཁམས་ལ་ངོས་འཛིན་དང་འཇིག་རྟེན་ཁམས་བསྒྱུར་བཀོད་བྱེད་པའི་གོ་རིམ་རྒྱུས་ལོན་ཐུབ་སྙམ།
གེ་སར་སྒྲུང་གི་ནང་དུ་གདོད་མའི་མི་རྣམས་ཀྱི་སྔོན་དཔག་བྱེད་ཐབས་ཀྱི་གནད་དོན་རྒྱ་ཆེན་པོ་ཡོད་དེ། དཔེར་ན། དམག་འཁྲུག་སོགས་བྱ་བ་གལ་ཆེན་གང་ཞིག་བྱེད་ཀྱང་ཐོག་མར་ལྟས་སྣ་ཚོགས་ལ་བརྟག་པ་དང༌། རྨི་ལམ་བརྟག་པ། ལྷའི་ལུང་བསྟན་ཞུ་བ། མོ་འདེབས་པ། རྩིས་བྱེད་པ་སོགས་བརྒྱུད་ནས་ལེགས་ཉེས་གང་འབྱུང་དཔྱད་པ་ལྟ་བུའི་མཚོན་ཡོད། གེ་སར་སྒྲུང་དང་འབྲེལ་བ་ཡོད་པའི་སྔོན་བརྟག་རིག་པ་དེ་དམིགས་སུ་བཀར་ནས་ཞིབ་འཇུག་བྱེད་དགོས་པའི་རྒྱུ་མཚན་ནི། དེས་མིའི་ཤེས་རིག་ཉམས་དམའ་བའི་དུས་སྐབས་ཀྱི་དངོས་འཛིན་དང་བྱེད་ཐབས་འབའ་ཞིག་མཚོན་ཡོད་དེ། ཆུ་འགོ་གངས་ལ་ཐུག་པའི་དཔེ་བཞིན་དུ་གཞི་དེ་ནས་ཞིབ་འཇུག་གི་འགོ་བཙུགས་ན་རང་རེའི་ཤེས་རིག་འཕེལ་བའི་ལོ་རྒྱུས་ལ་གོ་རྟོགས་ངེས་ཅན་འབྱུང་ངམ་ཡང་སྙམ།
དང་པོ། ལྟས་ལ་བརྟག་ནས་སྔོན་དཔག་བྱེད་པ།
གེ་སར་སྒྲུང་ནང་དུ་མིག་ལམ་དུ་སྣང་བའི་བྱ་དངོས་སྣ་ཚོགས་ཀྱི་མཚོན་དོན་རེ་ངོས་བཟུང་ནས། མ་འོངས་པའི་ལེགས་ཉེས་དཔྱད་པའི་ནང་དོན་མང་པོ་ཡོད་དེ། དཔེར་ན། འབྲུག་སྒྲ་ཐོས་ན་མི་སྙན་གྲགས་ཅན་སྐྱེ་བར་ངོས་འཛིན་པ་དང༌། ས་སེར་འབབ་ཅིང་རླུང་འཚུབ་བུ་གཡུགས་ན་ནག་ཕྱོགས་ཀྱི་ཁ་དར་རྒྱུ་ཡིན་པར་ངོས་འཛིན་པ། ཉི་མ་སྤྲིན་གྱིས་སྒྲིབ་ན་མི་ཆེན་ལ་བར་ཆད་འབྱུང་བར་ངོས་འཛིན་པ་སོགས་ལྟ་བུ་རེད། དེ་དག་གི་ཐོག་མའི་རྒྱུ་རྐྱེན་ནི་གནའ་རབས་ཀྱི་མི་རྣམས་ཀྱིས་རང་བྱུང་ཁམས་ལ་རྒྱུས་ལོན་བྱས་པའི་ཉམས་མྱོང་ལས་སྤྱི་སྡོམ་བྱས་པ་ཡིན་ཏེ། རང་བྱུང་ཁམས་ཀྱིས་བསྐྱེད་པའི་ནུས་པ་དེ་མིའི་དབང་པོས་ཉམས་སུ་བླངས་ན། བདེ་སྡུག་དང༌། ཡག་བཙོག དྲོད་གྲང༌། སྒྲ་སྙན་མི་སྙན་སོགས་ཀྱི་ཚོར་བ་ཅི་རིག་འབྱུང་ལ། མིའི་ཤེས་རིག་ཉམས་དམའ་བའི་དུས་དེར། ནུས་པ་དེ་དག་དངོས་པོའི་ནང་ན་མི་མངོན་པར་གནས་པའི་ལྷ་འདྲེས་ཚོད་འཛིན་པར་ངོས་བཟུང་བས། ཚོར་བ་སྣ་ཚོགས་ནི་ལྷ་འདྲེས་མི་ལ་བཏང་བའི་བརྡ་ཡིནཔར་གོ་སྟེ། དབང་པོའི་ཚོར་བ་བཟང་ན་ལས་བྱ་བ་བཟང་པོར་བསམ་ཞིང༌། ངན་ན་ལས་བྱ་བ་མི་བཟང་བར་བསམ་པ་ལྟ་བུ་རེད། མིག་དབང་གི་ཚོར་བ་གཟུགས་མཛེས་མི་མཛེས་དང༌། སྣ་དབང་གི་ཚོར་བ་དྲི་ཞིམ་མི་ཞིམ། རྣ་དབང་གི་ཚོར་བ་སྒྲ་སྙན་མི་སྙན། ལྕེ་དབང་གི་ཚོར་བ་རོ་མངར་མི་མངར་སོགས་ཀྱི་ཐད་ཡུན་རིང་འཚོ་གནས་ལ་འབད་པའི་བརྒྱུད་རིམ་ཁྲོད་ནས་མི་རིགས་ཀྱི་ཐུན་མོང་མིན་པའི་མཛེས་རྟོགས་བསམ་བློ་ཞིག་ཆགས་ཡོད་པ་དེ། གཟུགས་ལ་དབྱིབས་ཀྱི་སྒོ་ནས་གྲུ་བཞིས་ཆ་ཚང་བ་དང་ཡང་དག་པའི་དོན་མཚོན་ཞིང༌། “གྲོས་གྲུ་བཞི་འགྲིག་ན་རྒྱལ་སྲིད་དར”ཞེས་པ་ལྟ་བུ་དང༌། ཟུར་གསུམ་གྱིས་གཉན་པོ་དང་དྲག་ཤེད་ཀྱི་དོན་མཚོན་པ། “ས་ཟུར་གསུམ་ལྷ་གཉན་འཁོར་ས་ཡིན”ཞེས་པ་དང༌། “བུ་དཔའ་བོའི་གྲ་ཟུར་མ་ཉམས་པ”ཞེས་པ་ལྟ་བུ། ཟླུམ་པོའམ་ལོག་ལོག་གིས་མཐུན་སྒྲིལ་ལམ་གཅིག་གྱུར་མཚོན་པ། “བློ་སེམས་རྩ་གོང་བུ་གཅིག་ཏུ་སྒྲིལ”“དགྲ་ཕར་འདུལ་ཁུ་ཚུར་གཅིག་ཏུ་བཅིངས་”ལྟ་བུ་སོགས་རེད། ཁ་དོག་གི་ཆ་ནས་དཀར་པོ་མཆོག་ཏུ་འཛིན་ཏེ། དེའི་རྒྱུ་རྐྱེན་ཡང་གངས་ཅན་དང་ཁ་བའི་ལྗོངས་ཞེས་རང་གི་འཚོ་བའི་ཁོར་ཡུག་ཏུ་མདོག་དཀར་པོ་ཤས་ཆེ་ཞིང༌། དེར་མ་ཟད་འཚོ་རྟེན་ལའང་འོ་མ་དང༌། མར་ཆུར། རྩམ་པ། ཞོ་སོགས་དཀར་པོའི་ཟས་རིགས་ཤས་ཆེ་སྟབས་ཨེ་ཡིན་སྙམ། མདོག་དཀར་པོར་གོ་བ་ལེན་དུས་ཀྱང་ལུས་སེམས་ཞི་བ་དང༌། དེ་བཞིན་དུ་གཙང་བ་དང༌། དག་པ། ལེགས་པ། བཀྲ་ཤིས་པའི་དོན་མཚོན་བྱེད་སོགས་སུ་བསམ་ནས། མི་ལ་ཕན་པའི་རང་བྱུང་ནུས་པ་ལས་བསྐྱེད་པའི་ལྷ་ལ་དཀར་ཕྱོགས་ཀྱི་ལྷ་ཟེར་བ་དང༌། གཞན་ཡང་གླིང་དཀར་སྟོད། རྣམ་དཀར་གྱི་ལས་ཞེས་པ་སོགས་ཀྱིས་མཚོན་ཡོད། ཁ་དོག་དམར་པོ་ནི་སེམས་ཅན་འཆི་བའི་ཟུངས་ཁྲག་དང་སྐྱེ་དངོས་བསྲེགས་བྱེད་མེ་ལྕེའི་མདོག་ཡིན་པས། འཇིགས་སྣང་དང་གནོད་བྱེད་ཀྱི་ཁ་དོག་ལ་བརྩི་སྟེ། དེ་རིང་མགོ་ལ་ཉི་མ་དམར་པོ་ཡོང་ཟེར་དུས་སྐྲག་སྣང་སྐྱེ་དགོས་པ་ཞིག་ལ་འཕྲད་པ་མཚོན། དེ་བཞིན་དུ་ཁ་དོག་སྨུག་པོས་སྟོབས་འབྱོར་མངའ་ཐང་མཚོན་ཞིང༌། ཁ་དོག་ནང་པོས་མ་རུང་བ་དང་ལས་ངན་པ་མཚོན་པ་ལྟ་བུའི་དཔེ་མང་པོ་མཐོང་རྒྱུ་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད། དེ་མིན་རི་དྭགས་ཀྱི་ནང་ནས་སེང་གེས་རྒྱལ་པོ་དང་དམག་དཔོན་མཚོན་པ་དང༌། སྟག་གཟིག་དོམ་དྲེད་ལ་སོགས་པས་དཔའ་བོ་མཚོན་པ། ཝ་མོས་མི་གཡོ་རྒྱུ་ཅན་དང་སྡར་མ་མཚོན་པ། འདབ་ཆགས་ཀྱི་ནང་ནས་རྨ་བྱས་འཇོ་སྒེག་ལྡན་པའི་མཛེས་མ་མཚོན་པ། འཇོལ་མོ་དང་ཅོ་ག་ཁུ་བྱུག་སོགས་ཀྱིས་གདངས་སྙན་མཚོན་པ། ཁྭ་ཏ་དང་འུག་པ་སོགས་ཀྱིས་གཏམ་ངན་མཚོན་པ། སྐྱེ་དངོས་ཀྱི་ནང་ནས་ཙན་དན་དང་ག་བུར་སོགས་ཀྱིས་ཚ་གདུང་སེལ་བའི་གཉེན་པོ་མཚོན་པ། ཐལ་སྐྱས་བསེ་རག་དང་འགོང་པོ་མཚོན་པ་སོགས་རེད།
“ལྟས”ཀྱི་ལྟ་ཚུལ་དེར་གོ་བ་རིམ་པ་གཉིས་ལེན་རྒྱུ་ཡོད་དེ།གཅིག་ནི་མེ་ལ་ཚ་བ་དང༌། ཆུ་ལ་གཤེར་བ་ལྟ་བུའི་བྱ་དངོས་ཀྱི་ཕྱི་རུ་མངོན་པའི་ནུས་པའམ་ཁྱད་ཆོས་ལ་ངོས་འཛིན་པའི་གོ་རིམ་དང༌། ཅིག་ཤོས་ནི་སྣང་ཚུལ་དེ་དཔེ་རུ་འཆར་བའི་གོ་རིམ་རེད། ཚུལ་དེ་ལ་ཞིབ་ཏུ་བརྟག་ན་གནའ་མིས་དངོས་པོའི་ཚུར་སྣང་བློ་ཡི་འདུ་ཤེས་ལ་བསྒྱུར་བའི་གོ་རིམ་ལ་ངེས་ཤེས་འབྱུང་ཞིང༌། གདོད་མའི་རིག་གནས་ཁྲོད་ན་གནས་པའི་བླ་དང༌། གཡང༌། འགོང་བོ། བསེ་རག གྲིབ། མནོལ་སོགས་ཅུང་ཟད་ལྐོག་ཏུ་གྱུར་བ་དེ་དག་ཀྱང་དངོས་པོས་བློ་སྒོ་བསྐྱེད་ནས་བྱུང་བ་ཡིན་པ་ཤེས་ཐུབ།
གཉིས་པ། རྨི་ལམ་ལ་བརྟག་པ།
སྤྱིར་བཏང་དུ་རྨི་ལམ་གྱིས་དོན་དཔྱད་རྒྱུ་དེ་ཡང་གོང་ནས་བཤད་པའི“ལྟས”ལ་གཞི་འཛིན་གྱི་ཡོད་དེ། དཔེར་ན། 《སྟག་གཟིག་ནོར་རྫོང་》དུ་ལ་དྭགས་ཚོང་བའི་ལག་དོ་གཡུང་དྲུང་ལྷ་རྒྱལ་ནས་སྟག་གཟིག་གི་བྱ་རྟ་སྔོན་པོ་རྐུན་མས་བརྐུས་པའི་ཁ་ཕྱོགས་ཀྱི་རྨི་ལྟས་དཔྱད་སྐབས། ར་མདའ་སྟོང་ཁྲི་ལྷ་ལོད་ལ“ནག་པོ་རྒྱ་ལ་མ་འགྲོ་ལགས། ། མདང་གསུམ་བྱུང་བའི་རྨི་ལམ་དེ། ། དེ་རིང་ར་མདའ་ཁྱོད་ལ་ལྟ། ། ཤར་ནས་རླུང་ཞིག་བྱུང་བ་རྨིས། །མཐུ་དང་བྱད་ཁའི་རྨི་ལམ་དེ། ། ཡིན་ངེས་ད་རེསཁྱོད་ལ་ལྟ། །”1ཞེས“ཤར་ནས་བྱུང་རླུང”དེ་སྟོང་ཁྲི་ལ་ལོད་ཀྱི“ལྟས”ལ་ངོས་བཟུང་སྟེ། རླུང་གི་སྟོབས་ཤུགས་ཀྱིས་དར་ཆེན་གཅོག་པའི་ཉེན་ཁ་ཡོད་པའི་རྨི་ལམ་དུ་བཀྲལ་བས། སྟོང་ཁྲི་ལྷ་ལོད་རྒྱ་ལ་འགྲོ་མཚམས་བཞག་ནས་ཕྱིར་རང་ཡུལ་དུ་ལོག
སྒྲུང་ནང་དུ་གོང་གི་རང་བྱུང་གི་རྨི་ལྟས་དཔྱད་པ་ལས་ཀྱང་མང་བ་ནི། དམིགས་ཡུལ་ཡོད་པའི་སྒོ་ནས་རྨི་ལམ་ལ་བརྟག་སྟེ་ལེགས་ཉེས་དཔྱད་ཐབས་འཚོལ་བ་དེ་ཡིན་ཏེ། དཔེར་ན། གུར་དཀར་རྒྱལ་པོས་མོ་མ་དུང་མགོ་བོས་ནས་ཧོར་གྱིས་གླིང་ལ་ཕར་རྒོལ་བྱེད་རུང་མི་རུང་དཔྱད་དུ་བཅུག་པ་སོགས་ཀྱི་གནས་ཚུལ་ཤིན་ཏུ་མང་བ་ལྟ་བུ་རེད། རྨི་ལྟས་དཔྱད་པ་དེ་ཡང་ཆོས་ལུགས་ཀྱི་བཅའ་ཁ་ཕྱག་ལེན་གཞན་དང་འདྲ་སྟེ། མོ་མ་དུང་མགོས་བྱེ་མར་སོགས་མཆོད་རྫས་རྣམས་ལེགས་པར་བཤམས་པའི་ཟུར་དུ་མདའ་དཀར་པོ་གླིང་དཀར་མཚོན་བྱེད་དང༌། མདའ་ནག་པོ་ཧོར་མཚོན་བྱེད། མདའ་ཁྲ་བོ་བར་མ་བཏང་སྙོམ་མཚོན་བྱེད་བཅས་གསུམ་བཙུགས་རྗེས། མིག་བཙུམས་ཤིང་ལག་པ་ཐལ་མོ་སྦྱར་ནས་མོ་ལྷར་གསོལ་བ་བཏབ་རྗེས་མར་ཉལ་ཏེ་རྨི་ལམ་ལ་ཞུགས། དེ་ནས་ཡུད་ཙམ་ན་མོ་མ་དུང་མགོ་ཐག་ཐོག་ཏུ་ཡར་ལངས་པ་དང་ཆབས་ཅིག་ཏུ་མཆོད་རྫས་ཀྱི་ཟུར་དུ་བཙུགས་ཡོད་པའི་མདའ་ནག་པོ་དང་ཁྲ་བོ་གཉིས་འགྱེལ་པ་དང་དཀར་པོ་དེ་མ་འགྱེལ་པར་ད་དུང་བཙུགས་ཡོད་པར་བལྟས་ནས་ཧོར་གྱིས་གླིང་ལ་རྒོལ་ན་ཕྱིས་སུ་ཅི་ཞིག་འབྱུང་བའི་གནས་ཚུལ་རྣམས་མ་ནོར་བར་བཤད། ཧོར་གླིང་གཡུལ་འགྱེད་དུ་བྱུང་བའི་དོན་རྐྱེན་ཐམས་ཅད་མོ་མ་དུང་མགོས་སྔོན་ལ་བཤད་པའི་རྨི་ལྟས་དང་མི་མཐུན་ས་གཅིག་ཀྱང་མེད་པ་དེ་ལས། གནའ་མི་རྣམས་ཀྱིས་སྔོན་བརྟག་གི་མངོན་ཤེས་དེ་འཁྲུལ་མེད་དུ་འཛིན་པ་དང༌། དེའི་བྱེད་ནུས་ལ་གཙིགས་ཆེན་བྱེད་པའི་བསམ་བློ་རྟོགས་ཐུབ་ལ། དེ་ཡང་སེམས་ཀྱི་བྱེད་ལས་རྒྱ་བསྐྱེད་པའི་ལག་ལེན་གྱི་ཕྱོགས་མཚོན་པ་ཞིག་ཀྱང་རེད། དེའི་རྒྱུ་མཚན་ནི་སྔོན་བརྟག་ལ་འབྲེལ་བ་ཡོད་པའི་རྨི་ལམ་ལ་འོད་གསལ་གྱི་རྨི་ལམ་ཞེས་དེ་དང་རྒྱུན་ལྡན་གྱི་རྨི་ལམ་རང་ག་བ་ལ་ཁྱད་པར་ཕྱེས་ཡོད་དེ། འོད་གསལ་ནི་རྫོགས་རིམ་སྒོམ་སྟོབས་ལས་བྱུང་བའི་སྟོང་གཟུགས་པྲ་ཕབ་པ་ལྟ་བུའི་ཤེས་པ་ཞིག་ལ་ངོས་འཛིན་པས། ད་སྐབས་ཀྱི་བཤད་ཚུལ་ལ་འགྲིག་པར་བཀྲལ་ན། དེ་ཉིད་མིའི་ལུས་ཁམས་ཀྱི་ནུས་པ་རྒྱ་བསྐྱེད་པའི་འབྲས་བུར་ཡང་གོ་ཆོག་སྙམ།
སྒྲུང་ནང་གི་མཚོན་ཚུལ་ལ་བལྟས་ན་རྨི་ལམ་གྱིས་སྔོན་བརྟག་གི་ནུས་པ་བསྐྱེད་ཐུབ་པར་མ་ཟད། རྨི་ལམ་ལ་བརྟེན་ནས་གཞན་ལ་འཁྲུལ་སྣང་ཡང་འབྱུང་གི་འཇུག་ནུས་ཤིང༌། དེ་ནི་ལྟ་བ་རྟོགས་པ་མཐོ་དམན་དང་ལུས་སེམས་ལུས་སུ་རུང་མི་རུང་གི་ཡོན་ཏན་ལ་རག་ལས་ཡོད་པ་རེད། དཔེར་ན། 《རྟ་རྒྱུགས》སུ་གེ་སར་གྱིས་ཁྲོ་ཐུང་ལ་རྟ་མགྲིན་གྱི་ལུང་ཡིན་ཟེར་བའི་རྨི་ལམ་རྫུན་མ་ཞིག་ཕབ་པས། གླིང་དཀར་ལ་སྟོན་མོ་བྱེད་པ་དང་འབྲུག་མོ་རྟ་རྒྱུགས་ཀྱི་ལྐུག་ལ་འཇོག་པའི་བྱ་སྤྱོད་ནོར་འཁྲུལ་ཅན་དེ་ལག་བསྟར་བྱས་པ་དང༌། ཡང་གླིང་གི་བླ་མ་རྣམས་ཀྱིས་ཧོར་དམག་ཁྲོད་ཀྱི་བཅུ་དཔོན་ཞིག་ལ་རྨ་ཆེན་བསྟོད་དགོས་པའི་རྨི་ལམ་རྫུན་མ་ཞིག་ཕབ་པས། ཧོར་གྱིས་རྨ་ཆེན་བསྟད་ནས་ཧོར་ལྷར་ཕྲག་དོག་སྐྱེ་རུ་བཅུག་པ་དང་གླིང་དམག་ལ་གདོང་འཕྲད་ནས་ཕམ་ཁ་རེག་པའི་ནོར་འཁྲུལ་དེ་བྱུང༌།
སྤྱིར་རྨི་ལམ་ལ་བརྟག་པའི་གནས་ཚུལ་འདི་ལས་མིའི་ཤེས་པའི་རྒྱ་བསྐྱེད་ཚུལ་གྱི་ཤེས་རིག་ལ་གོ་རྟོགས་འབྱུང་ཐུབ་པས། གནའ་རབས་ལྐོག་གྱུར་རིག་གནས་ལ་ཞིབ་འཇུག་བྱེད་པའི་གནད་ས་ཞིག་རེད་སྙམ།
གསུམ་པ། ལྷའི་ལུང་བསྟན་ཞུ་བ།
གེ་སར་སྒྲུང་དུ་ལྷའི་ལུང་བསྟན་ཞུ་ས་ལ་གཙོ་བོ་ཨ་ནེ་གོང་སྨན་རྒྱལ་མོ་དང༌། ལྷ་ཆེན་ཚངས་པ་དཀར་པོ། སློབ་དཔོན་པདྨ་འབྱུང་གནས་སོགས་ཡོད་ལ། དེ་དག་ལུང་བསྟན་གྱི་བདག་པོར་བཀུར་བ་ལས་གནའ་རབས་བོད་མིའི་དད་མོས་འཕོ་འགྱུར་གྱི་གནས་ཚུལ་མཚོན་ཡོད། དེའི་ནང་གི་བོད་རང་ནས་བྱུང་བའི་ལྷ་ནི་ཨ་ནེ་གོང་སྨན་རྒྱལ་པོ་སྟེ། གེ་སར་སྒྲུང་དུ་མིང་དེ་ལྟར་བཏགས་པ་མ་གཏོགས། དོན་དུ་གནའ་རབས་བོན་གྱི་སྲིད་པ་ཆགས་པའི་ལྷ།“སངས་པོ་འབུམ་ཁྲི་སྲིད་པའི་རྒྱལ་མོ་བྱུང༌། །ཐབས་དང་ཤེས་རབ་སྣ་ཚོགས་ཀུན་ཏུ་སྤྲུལ། །” 2ཞེས་པའི་སྲིད་པའི་རྒྱལ་མོ་འདི་ཡིན། ལྷ་འདིའི་ལུང་བསྟན་ནི་གེ་སར་རྒྱལ་པོའི་མ་འོངས་སྔོན་ཤེས་ཀྱི་གཞི་འཛིན་ས་ཡིན་ཏེ། འདིས་ལུང་བསྟན་འབབ་ཚུལ་གྱི་དཔེ་ཞིག་བསྟན་ན། 《ཐོག་གླིང་གཡུལ་འགྱེད》དུ“ང་འདྲ་ང་ངོ་མ་ཤེས་ན། །གོང་མ་ལྷ་ཡི་ཕོ་བྲང་ནས། །སེང་ཆེན་དཔོན་གྱི་མགོན་སྐྱབས་ལ། །ཨ་ནེ་གོང་སྨན་རྒྱལ་མོ་ཟེར། ། ཨ་ནེ་ཚ་བོ་རིན་པོ་ཆེ། །སེང་ཆེན་ནོར་བུ་དགྲ་འདུལ་ལགས། །ད་ནི་སྐུ་མཚམས་དེ་ཙམ་གྱིས། །ད་ལོ་ལོ་ཡི་མགོ་མ་ལ། །ཕར་དགྲ་མེད་པར་ཚུར་འགེལ་ཡོད། །ད་ལྟ་ཐོག་རུའི་རྒྱལ་པོ་དེས། །སྔོན་བྱས་རྟིང་མའི་ངན་ལང་གིས། །ཁྲ་མོ་གླིང་དེ་འཕྲོག་དགོས་ཟེར། །་་་་་་ད་མ་འདུག་སྐྱེས་བུ་རིན་པོ་ཆེ། །དགྲ་ནག་པོར་གདོང་ལེན་འགྲོ་རན་གདའ། །”(ཉུང་བསྡུས་བྱས་ཡོད)3ཞེས་པ་ལྟར་ཏེ། འདི་ལྟ་བུའི་གེ་སར་ལ་དགྲ་ཟོན་བྱེད་དགོས་ཚུལ་དང༌། དགྲ་འདུལ་རན་ཚུལ། གླིང་རུའི་ཆག་འཇིག་ག་གེ་མོ་ཞིག་གཡོལ་ཐབས་སོགས་ཀྱི་ལུང་བསྟན་ཕབ་ཚུལ་ནི་སྒྲུང་དཔེ་ཕལ་མོ་ཆེའི་ནང་ནས་མཐོང་ཐུབ། སྤྱི་ནས་བལྟས་ན་ལྷ་འདི་གླིང་གི་ལས་དོན་ལ་ཤིན་ཏུ་འབྲེལ་ཐག་ཉེ་བ་ཞིག་ཡིན་ཏེ། དེ་ཡང་བོན་གཞུང་ན་བསྐལ་བ་ཡ་ཐོག་ཏུ“མི་དང་གཉན་དག་མཛའ་བཤེས་ཚུལ་དུ་གནས། །མི་དག་གཉན་གྱི་གནས་སུ་འགྲོ་བ་དང༌། །གཉན་ཡང་མི་ཡི་ཁྱིམ་འོང་གཏམ་གླེང་བྱེད། །་་་་་་མི་ལ་ལྷ་གསོལ་བྱུར་ཕུད་བཀའ་ལུང་ཕོག། འདི་ཡན་ལྷ་སྲིན་མི་དང་མ་ཕྱེས་དུས། །” 4ཞེས་སྔོན་ཆད་ལྷ་སྲིད་སྡེ་བརྒྱད་མི་དང་འབྲེལ་ཐག་ཉེ་བའི་དུས་སྐབས་ཤིག་བྱུང་བའི་ལྟ་ཚུལ་ལས་ཐོན་པས། ལྷ་འདི་བྱུང་བ་ཤིན་ཏུ་སྔ་ཞིང༌། གདོད་མའི་དད་མོས་ལ་འབྲེལ་ཆེ་བ་ཤེས་ཐུབ། སྒྲུང་ནང་དུ་ཨ་ནེ་གོང་སྨན་རྒྱལ་མོ་རྗེ་བཙུན་སྒྲོལ་མ་དང་དབྱེར་མེད་ཅིང༌།        མཁའ་འགྲོའི་གཙོ་མོ་ཡིན་པར་བཤད་པ་ནི་ཕྱིས་སུ་སངས་རྒྱས་ཆོས་ལུགས་དར་བ་ལ་བརྟེན་ནས་བྱུང་བའི་བསམ་བློའི་ཤུགས་རྐྱེན་ཡིན།
དེ་བཞིན་དུ་ལྷ་ཆེན་ཚངས་པ་ཡང་དག་ཐོག་རྒྱ་གར་བྲམ་ཟེའི་ཆོས་ལུགས་ཀྱིས་བཀུར་བའི་ལྷ་ཡིན་ཀྱང༌། བོད་དུ་བསྡུ་ལེན་བྱས་རྗེས། བོད་ཀྱི་གདོད་མའི་ལྷ་ལ་བསྟུན་ནས་ཨ་ནེ་གོང་སྨན་ཉིད་སྐབས་ལ་ལར་ལྷ་ཆེན་ཚངས་པའི་སྲིང་མོ་དང༌། སྐབས་ལ་ལར་བཙུན་མོ་ཡིན་པའི་འབྲེལ་བ་བྱུང༌། སངས་རྒྱས་ཆོས་ལུགས་བོད་དུ་དར་བའི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་མཉམ་དུ་ལྷ་ཆེན་ཚངས་པ་ལ་ཨ་ནེ་གོང་སྨན་ལྟ་བུའི་མ་འོངས་ལུང་བསྟན་གྱི་བྱེད་ནུས་མངའ་བར་མ་ཟད། སྟོབས་དང་བྱིན་རླབས་སོགས་ཀྱི་ཐད་ནས་དེ་ལས་ཀྱང་ནུས་པ་ཇེ་ཆེར་སོང་ཡོད།
སློབ་དཔོན་པདྨའི་སྐབས་ནས་དེ་ལས་ཀྱང་སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཇེ་དྲག་ཏུ་སོང་ཡོད་དེ། གེ་སར་གྱིས་ཁོང་རྩ་བའི་བླ་མར་བཀུར་ཡོད་པར་མ་ཟད། ལུང་བསྟན་ཀྱང་གུ་རུའི་བསྙེན་མཚམས་ལ་ཡུན་རིང་བསྡད་ནས་ཞུ་གི་ཡོད་པ་རེད། དགྲ་བགེགས་འདུལ་བ་དང་སེམས་ཅན་སྐྱོང་བའི་ཐད་ནས་བླ་མ་གུ་རུའི་ཡན་ན་མེད་པར་སྣང་ཞིང༌། དེའི་ནུས་པ་ལས་གེ་སར་རང་ཡང་ཉེ་རང་ཆགས་སྡང་ལ་གནས་པའི་དམག་དཔོན་ཞིག་ལས། བཏང་སྙོམས་བྱམས་སེམས་ལ་གནས་པའི་ཆོས་པ་རྣམ་དག་ཅིག་ཏུ་འགྱུར་བཞིན་པ་རེད།
དེ་ལྟར་བྱུང་བ་སྔ་བའི་ཨ་ནེ་གོང་སྨན་རྒྱལ་མོ་དེ་ལུང་བསྟན་ཁོ་ནའི་ལྷ་ཞིག་ལས་གཞན་པའི་ནུས་པ་རྒྱས་མ་ཐུབ་པ་ནི། བོད་ཀྱི་ཆོས་ལུགས་དད་མོས་ཀྱི་འཕོ་འགྱུར་ལ་རག་ལས་ཡོད་སྙམ།
བཞི་བ་མོ་ལ་བརྟག་པ།
མོ་ལ་བརྟག་པ་ནི་གནའ་རབས་བོན་གྱི་རིག་གནས་འགངས་ཆེན་ཞིག་ཡིན་ཏེ། གཉའ་ཁྲི་བཙན་པོའི་ཡར་སྔོན་རྒྱུ་བོན་ཤེས་པ་ཅན་བཅུ་གཉིས་བྱོན་པར་གྲགས་པའི་ནང་གསེས་སུ“གཡང་ཤེས་ཕྱ་ཡི་བོན”ནས“ཕྱ་གཤེན་ཇུ་ཐིག་ཅན”ཞེས་པའི་ཆེད་དུ་མོ་དཔྱད་ལག་ལེན་བྱེད་མཁན་རྣམས་ཤེས་པ་ཅན་གྱི་གྲངས་སུ་བགྲང་ཡོད་པ་དང༌། ལོ་རྒྱུས་དེབ་ཐེར་དུ“ཕྱ་གཤིན་ཇི་ཐིག་ཅན་གྱིས་ལེགས་ཉེས་སྟོན་ཟག་བཅས་ཀྱི་མངོན་ཤེས་འཆད” 5ཅེས་དེ་དག་གིས་ནུས་མཐུ་ཡང་ཆེད་དུ་བརྗོད་ཡོད། མོ་བ་ལ་བོན་གཞུང་ནས་ཕྱ་ཀེན་ཙེའམ་ཕྱ་མཁན་ཟེར་བ་དང༌། མོ་འདེབས་པ་ལ་ཕྱ་འདེབས་པ་ཡང་ཟེར་བས། མོ་དང་ཕྱ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལྟར་སོང་ཡོད་པ་རེད། དེས་ན་ཕྱ་ཞེས་པ་ཡོངས་གྲགས་སུ་གཡང་ངམ་དཔལ་ལམ། ཕུན་སུམ་ཚོགས་པ་དང༌། དབང་ཐང་དང་བཀྲ་ཤིས་པའི་ཆ་ཞིག་ལ་ངོས་འཛིན་པ་དང༌། ཡང་མོ་ལ་དཔྱད་སྐབས་དགྲ་ཕྱ་དང་གྲོགས་ཕྱ་སོགས་སུ་འབབ་པ་ལས་ལྟས་ལའང་གོ་ཆོད་པ་རེད། གཞན་ཡང་གཡང་འབོད་ལ་ཕྱ་འབོད་ཟེར་བ་ལས་དེ་དང་གཡང་གཉིས་ལའང་འབྲེལ་བ་ཡོད་པ་ཤེས་ཐུབ། ཡིན་ནའང“ཕྱ་བོན”དང་“ཕྱ་གཤེན”ཞེས་པའི་སྐབས་ཀྱི“ཕྱ”དེ“ག ནམ”དང་ཡང་ན“ལྷ”ལ་གོ་དགོས་ཤིང༌། ལྷ་ནི“ཕྱ”ཡི་ཐོག་མའི་གོ་དོན་ཡིན་པར་འདོད་དེ། ཀོང་པོ་དེ་མོ་ས་ཁུལ་གྱི་བྲག་བརྐོས་ཡི་གེར“ཕྱ་ཡབླ་བདག་དྲུག་གི་སྲས་ལ།ཉ་ཁྲི་བཙན་པོ་མི་ཡུལ་གྱི་རྗེར། ལྷ་རི་གྱང་དོར་གཤེགས་སོ”ཞེས་བོད་ཀྱི་བཙན་པོའི་གདུང་ཁུངས“ཕྱ”ལ་གཏུགས་པ་དང༌། གཞན་ཡང་དེབ་ཐེར《དེབ་ཐེར་མཁས་པའི་དགའ་སྟོན》དུ“གཉའ་ཁྲི་བཙན་པོ་མི་ཡུལ་རྗེར་གཤེགས་ནས། །བོད་འབངས་བདེ་ཞིང་སྐྱིད་པར་མཛད་པ་ཡིན། །འདི་ཉིད་མི་ཡི་ཡུལ་དུ་བྱོན་ཚུལ་ནི། །གནམ་གྱི་རིམ་པ་བཅུ་གསུམ་ཡང་སྟེང་ཞེས་པ། །གཟུགས་ཁམས་འོད་གསལ་གྱི་ནི་ལྷ་རིས་ནས། །སྤྱན་རས་གཟིགས་ཀྱིས་བྱིན་གྱིས་རླབས་པའི་མཐུས། །ཐུགས་རྗེས་ས་སྟེང་གཤེགས་ཏེ་མི་རྗེ་མཛད། །འདི་ལ་བསྒྲགས་པ་བོན་ལུགས་ཞེས་གྲགས་ཀྱང༌། །ཕྱ་དང་གནམ་ལ་དགའ་ཞིང་བླུན་པ་ཡི། །བོད་ཡུལ་གནའ་མི་སྤྱི་མཐུན་གཟུང་ཕྱིར་བསྟན། །” 6ཞེས་པ་འདི་དག་གིས“ཕྱ”དང་“ལྷ”གཉིས་གོ་དོན་གཅིག་ཡིན་པར་སྒྲུབ་ཐུབ། དེ་ལས“ལྷ”དང་“ཕྱ”“མོ”བཅས་དོན་ཉེ་བ་དང༌། གནའ་མིས་མོ་འདེབས་པ་ནི་དོན་དམ་དུ་ལྷའི་མཁྱེན་པར་བརྟེན་པ་ཡིན་པར་འདོད་པ་དེ་ཤེས་ཐུབ་ཅིང༌། སྒྲུང་དཔེའི་ནང་དུའང་བསམ་བློ་དེ་མཚོན་བྱེད“དྲག་པའི་ལྷ་ལ་བདེན་བརྡར་ན། །མ་ཤེས་བློ་ཡི་ཁ་གསལ་ཡོང༌། །” 7ཞེས་པ་ལྟ་བུ་སོགས་ཡོད།
གེ་སར་སྒྲུང་ནི་གནའ་རབས་ཀྱི་རྩོམ་རིག་ཅིག་ཡིན་པའི་ཆ་ནས་དེའི་ནང་དུ་མོ་དཔྱད་ཀྱི་གནས་ཚུལ་ཡང་མང་པོ་ཡོད་དེ། སྒྲུང་དཔེ་སྣ་ཚོགས་བརྒྱ་ལྷག་ཡོད་པར་གྲགས་པ་ཕར་ཞོག 《སྟག་གཟིག་ནོར་རྫོང་》ཁོ་ནས་ནང་དུའང་མོ་ལ་དཔྱད་ཐབས་སྣ་ཁ་དྲུག་ཙམ་ཡོད། དེ་དག་གི་དཔེ་བརྗོད་རིམ་པ་ལྟར་བཀོད་ན། སྟག་གཟིག་རྒྱལ་པོའི་བྱ་རྟ་སྔོན་པོ་རྐུན་མས་བརྐུས་པ་མོ་ལ་དཔྱད་སྐབས་ལ་དྭགས་ཚོང་བའི་ལག་དོ་གཡུང་དྲུང་ལྷ་རྒྱལ་གྱིས“འོ་ཁྱོད་ཀྱི་ལྷམ་སྒྲོག་གཡས་པ་དེ་ང་ལ་སྤྲོད་དང་སྣང་སྲིད་འཕྲུལ་མོ་ཞིག་འདེབས་ཟེར་ནས། རུམ་ནས་སོག་དཔྱད་ཅིག་བཏོན་ཏེ་ལྷམ་སྒྲོག་དེར་ས་བཅུད་ལན་གསུམ་བརྒྱབ། སོག་པ་དེ་མེ་ལ་བསྲེགས་ནས་ནས་ལྟ་ཡག་ཅིག་བྱས་ཏེ་ན་རེ།”ཞེས་པ་དེའི་ནང་ལྷམ་སྒྲོག་དང་སོག་པས་མོ་འདེབས་ཚུལ་ཡོད་པ་དང༌། “མོ་མ་སྤྲེལ་སེ་སྣ་ནག་གིས་འཇུ་ཐིག་ཁྲ་མ་ཁྲི་གསུམ་གཡུག ལྷ་མདའ་བཅུ་གསུམ་གཞི་ཐོག་ཏུ་བཙུགས། མོ་རྡེལ་གཡུ་དྲུག་དཀར་བཞི་བཅུ་ཞེ་གཉིས་བཀོད་ནས་མོ་བཏབ” ཅེས་པའི་ནང་དུ་འཇུ་ཐིག་དང༌། མདའ། རྡེལ་བཅས་ཀྱིས་མོ་འདེབས་ཚུལ་ཡོད་པ་དང༌། ད་དུང་“སྲས་ལྷ་རྒོད་ཀྱི་ཤོག་ནས་བཅུ་དཔོན་ཞིག་ལ་ཤར་རྨ་རྒྱལ་སྤོམ་ར་ཡིན་ཟེར་བའི་པྲ་ཞིག་བབ” 8ཞེས་པ་པྲ་མོའི་འདེབས་ཚུལ་མཚོན་ཡོད་པ་སོགས་ལྟ་བུ་རེད།
༡ ཐིག་མོ།
ཐིག་མོ་ནི་བྱུང་བ་ཆེས་སྔ་བའི་མོ་འདེབས་ཚུལ་ཞིག་ཡིན་ཏེ།མོ་དེ་འདེབས་སྐབས་ལྷམ་སྒྲོག་སོགས་ཐི་གུ་མདུད་ཆོག་པ་ལག་ཏུ་ཐོན་ཚད་སྤྱད་ཆོག་པ་ཞིག་ཡིན་པས། ཡོ་བྱད་དེ་ལག་ཏུ་ཐོན་སླ་ཞིང་འདེབས་པ་སྟབས་བདེ་ཡིན། མོ་དེ་འདེབས་ཚུལ་ནི་ད་སྐབས་ཀྱང་འབྲོག་པ་ཚོའི་ཁྲོད་ན་སྤྱོད་བཞིན་པའི་ཕྱུགས་ཟོག་ལ་སོགས་བོར་སྟོར་བྱུང་བའི་དུས་སུ་ཐི་གུའི་མདུད་པ་གྲོལ་ཚུལ་ལ་བལྟས་ནས་མོ་དོན་དཔྱད་པ་དེ་དང་ཧ་ལམ་ཆ་འདྲ་སྟེ། དེའི་ཐོག་མའི་འབྱུང་ཁུངས་ནི། གནའ་མི་རྣམས་ཀྱིས་ཐི་གུར་མདུད་མི་གཅིག་པ་བརྒྱབ་ནས་དོན་སྣ་ཚོགས་ལ་བརྗེད་ཐོ་འགོད་པ་དང༌། གྲངས་ཀ་ངོས་འཛིན་གྱི་རྟགས་བྱེད་པ་དེ་དག་ཡིན་པར་འདོད།
༢ སོག་མོ།
རི་དྭགས་དང་ཕྱུགས་ཀྱི་ཤ་ལ་གཙོ་བོར་རོལ་བའི་གནའ་རབས་ཀྱི་འཚོ་བའི་ཁྲོད། སོག་པ་ཡང་རྒྱུན་པར་ལག་ཏུ་ཐོན་སླ་བའི་ཡོ་བྱད་ཅིག་ཡིན་པས། དེ་མོ་འདེབས་བྱེད་དུ་བཀོལ་བའི་དུས་ཚོད་སྔ་ལ་ཡོངས་ཁྱབ་ཀྱི་རང་བཞིན་ཡོད། གནའ་རབས་སུ་སོག་པ་ཡུན་ཐུང་ཙམ་མེ་ལ་བསྲེགས་ན་ཚིག་ཤུལ་འབབ་པ་དེ་ལ་བལྟས་ནས་ལྟས་ངོས་འཛིན་རྒྱུ་ཡོད་ངེས་ལ། ད་སྐབས་ཀྱང་འབྲོག་པའི་ནང་སོག་པའི་ཐོག་གི་ཤ་ཟོས་ཚར་མ་ཐག་སོག་རུས་ཉི་འོད་ལ་བསྟན་ཏེ། སོག་པའི་ཁ་ཁྱམ་གྱི་ཧ་ནག་པོའི་ཁ་ཤོ་ཡོད་མེད་དང༌། སོག་གདོང་གི་རུས་པ་དེའི་ཁ་མཛུབ་གུར་འཐོག་ཐུབ་མིན་དང༌། དཔངས་མཐོ་མིན། སོག་ཡུའི་ནང་འཇམ་པོ་ཡིན་མིན་སོགས་ལ་བལྟས་ནས་ལྟས་དཔྱད་སྣ་ཚོགས་བྱེད་པ་དེ་གནའ་སྲོལ་རྒྱུན་འཛིན་བྱས་པ་ཡིན་པར་འདོད།
 ༣ འཇུ་ཐིག
ཇུ་ཐིག་གི་མོ་ཡང་ཐིག་མོ་ལས་འཕེལ་རྒྱས་བྱུང་བ་ཡིན་སྲིད་མོད། ཐིག་མོ་དང་བསྡུར་ན་ཤེས་རིག་གི་ཚད་མཐོན་པོ་ཡོད་པས།ཕྱ་ཀེན་ཙེ་ལ་སོགས་ཤེས་ལྡན་པ་རྣམས་ཀྱིས་མ་གཏོགས་མོ་ལྟས་དགྲོལ་མི་ནུས་པ་རེད། ཇུ་ཐིག་གི་མོ་ཆས་སུ་ཐིག་གུ་མདོག་མི་འདྲ་བ་རིང་ཐུང་དྲུག་ཡོད་པ་དེ་དག་གི་ཐིག་སྣེ་ཟུར་རེ་ཉིས་གཤིབ་བྱས་པའི་རྩེར་མདུད་པ་རེ་བོར་བས་མདུད་པ་ཁག་བཞི་འབྱུང་ཞིང༌། ལྷག་མ་མོ་བའི་ལག་གཉིས་ཀྱི་ཐི་གུ་ཟུང་རེ་དམ་དུ་ཟིན་ཅིང་ཐད་ཀར་ཁ་ཕྱེས་པ་ན། མདུད་པའི་རྣམ་པ་མི་འདྲ་བ་འབྱུང་སྲིད་པ་དེ་མོ་ཡི་དཔྱད་གཞིར་འཛིན་པ་རེད།
༤ རྡེལ་མོ།
རྡེལ་མོ་ཡང་དང་ཐོག་རྡོ་དཀར་ནས་སྤར་མོ་དང་སྣོད་ཀྱི་ནང་གཡུག་རྗེས་ཐང་ལ་འཕོ་ནས་འབབ་ཚུལ་དང་མང་ཉུང་ལ་བལྟས་བའི་བརྟག་ཐབས་སྟབས་བདེ་ཞིག་ཡིན་ཀྱང༌། འབྱུང་བ་ལྔ་དང་མ་བུ་དགྲ་གྲོགས་ལོ་ཁམས་བཅུ་གཉིས་སོགས་འབྱུང་རྩིས་ཀྱི་རིག་པ་དར་རྗེས། དེ་ལ་ཕྱིའི་སྲོག་རྡེལ་དང༌། ཕྱིའི་ལུས་རྡེལ། དབང་ཐང་རྡེལ། རླུང་རྟའི་རྡེལ། ཕྱིའི་བླ་རྡེལ། ནང་གི་སྲོག་རྡེལ། ནང་གི་ལུས་རྡེལ། ནང་གི་དབང་ཐང་རྡེལ། ནང་གི་རླུང་རྟའི་རྡེལ། ནང་གི་བླ་རྡེལ། གང་གཅེས་ལོག་མིན་རྡེལ། མར་ལྔའི་ལུས་རྡེལ། ཡར་ལྔའི་སྲོག་རྡེལ་བཅས་བཅུ་གསུམ་འཁོར་ཕྱོགས་ཀྱི་མོ་བརྟག་ཚུལ་བྱུང༌།
༥ པྲ་མོ།
པྲ་མོ་ནི་འདེབས་མཁན་གྱིས་མེ་ལོང་དང་མཐེ་བོང་སོགས་ཀྱི་ངོས་ལ་བལྟས་ནས་ལེགས་ཉེས་ཀྱི་ལྟས་རྣམས་བཤད་པར་གྲགས་ལ། པྲ་ཞེས་པར་མིག་འཕྲུལ་ལམ་སྒྱུ་མའི་དོན་ཡང་ཡོད་པ་རེད། ད་དུང་སྒྲུང་བའི་ནང་པྲ་སྒྲུང་བཤད་མཁན་ཡོད་པ་དེས་མེ་ལོང་དང་ལག་མཐིལ་སོགས་ལ་བལྟས་ནས་སྒྲུང་ཤར་མར་བཤད་ཐུབ་པའི་སྣང་ཚུལ་ལ་བལྟས་ན། གང་ལྟར་དེ་ཉིད་ཤིན་ཏུ་ལྐོག་གྱུར་ཡིན་པའི་རིག་གནས་ཤིག་ལ་འབྲེལ་བ་ཡོད་པ་འདྲ།
༦ མདའ་མོ།
མདའ་མོ་ནི་དམག་དོན་ལག་ལེན་ཁྲོད་ནས་བྱུང་བར་ངེས་ལ། གེ་སར་སྒྲུང་དུ་དེ་ཉིད་དགྲ་བོ་གསོད་པའི་མཚོན་ཆ་བྱེད་པར་མ་ཟད། ལབ་ཙེ་བསྟོད་པ་དང༌། མཆོད་བཤམས་བྱེད་པ། ཡི་གེ་རྫོང་བ། མཚམས་རྟགས་སྟེར་བ་སོགས་ལའང་བེད་སྤྱོད་བྱེད་པས། མོ་འདེབས་བྱེད་དུ་བཀོལ་བ་ཡང་སྤྱོད་སྒོ་དེ་དག་ནང་གི་རིགས་གཅིག་རེད། མདའ་ལ་མིང་འདོགས་ཚུལ་གྱི་སྒོ་ནས་ལྷ་མདའ་དང༌། གཉན་མདའ། གཡང་མདའ ཚེ་མདའ་སོགས་ཡོད་ལ། བཟོ་བྱེད་རྒྱུ་ཡི་སྒོ་ནས་སྨྱུག་མདའ་དང༌། གསོམ་མདའ། ལྕགས་མདའ། གསེར་མདའ། དངུལ་མདའ་སོགས་ཡོད། ཁ་དོག་གི་སྒོ་ནས་དཀར་པོ་དང༌། ནག་པོ། ཁྲ་བོ། དམར་པོ། ལྗང་གུ་སོགས་དུ་མ་ཡོད་པ་དེ་དག་ལ་མཚོན་ཚུལ་མི་འདྲ་བ་སྣ་ཚོགས་ངོས་འཛིན་རྒྱུ་ཡོད་དེ། མདའ་མོ་འདེབས་སྐབས་ཆོ་ག་ངེས་ཞིག་སྒྲུབ་པ་ལ་བརྟེན་ནས་འབེན་སྣ་ཚོགས་ལ་འཕེན་པ་དང༌། གོང་ནས་བཤད་ཟིན་པའི་ཧོར་གྱི་མོ་མ་དུང་མགོས་མཆོད་རྫས་བཤམས་པའི་ཟུར་དུ་མདའ་དཀར་ནག་ཁྲ་གསུམ་བཙུགས་ཏེ། ལོག་ཡོད་མེད་སོགས་ལ་བལྟས་ནས་ལྟས་ལ་བརྟག་པ་སོགས་ལྟ་བུ་རེད།
གེ་སར་སྒྲུང་དུ་གླིང་ལ་མོ་བ་ཨ་ཁུ་ཁྲོ་ཐུང་དང༌། ཧོར་ལ་མོ་མ་དུང་མགོ སྟག་གཟིག་ལ་མོ་བ་སྤྲེལ་སེ་སྣ་ནག འཇང་ལ་མོ་བ་ཀུན་ཤེས་ཐིག་པོ། ཁ་ཆེ་ལ་མོ་བ་བླ་མ་ཤ་རིའི་དབུ་ཅན་སོགས་ཆེད་དུ་མོ་འདེབས་པ་དོན་དུ་གཉེར་མཁན་ཡོད་པར་མ་ཟད། དེ་དག་གིས་མོ་ལྟས་བཤད་སྐབས“ཕུག་གི་མོ་ལ་དཔྱད་ན་འཇག་མས་རི་བསྲེགས་ཟེར་བ་བབ་འདུག”“ཅེས་པ་དང་”“གོམ་གསུམ་གོམ་པ་སྤོས་ན། །རྟིང་མ་ནོར་དང་འཕྲད་ཟེར་བ་བབ་འདུག”“ཤར་གྱི་ཁྲི་གདུགས་ཉི་མ་དེ། །ནུབ་ཀྱི་གངས་ལ་འཆར་བའི་དུས། །གངས་དཀར་རྫ་ལ་འགྱུར་ཉེན་ཆེ། །ཟེར་བ་བབ་འདུག” ཅེས་པ་སོགས་མོ་ལྟས་བཤད་པ་ལ་བལྟས་ན། ཁ་ལ་ཡོང་ཚད་བཤད་པ་ཞིག་མིན་པར། མོ་ལ་གཞུང་ལུགས་ཀྱི་རྒྱབ་བརྟེན་ས་ངེས་ཅན་ཡོད་པ་ཤེས་ཐུབ། བོན་གྱི་མོ་ཡི་གཞི་འཛིན་སར་སྔ་བ《ཇུ་ཐིག་ཤར་བ་སྐྱ་དྲུག》དང་《ཚེ་རབས་ལས་རྩིས》སོགས་ཡོད་པར་གྲགས་ལ། ཏུན་ཧོང་གཏེར་ཡིག་ཏུ་ཡང“གསེར་གྱི་མཚོ་ནི་ངུར་འཕྱོ་བ། །ཉིན་ཞིང་ནི་མྱི་ལྟར། །མཚན་ཞིང་ནི་ཁྱི་མྱི་ཟུགས། །ཤེལ་གྱི་ནི་སྤང་བཀྲ་ལ། །གཡང་གསུམ་ནི་ངོས་ལ་འཚལ། །དགོ་སྤྱང་ནི་ཟུར་ལ་འཚལ། །”ཞེས་པའི་མོ་ཚིག་ཡོད་པར་བརྟག་ན། མོ་འདེབས་པའི་ལག་ལེན་དང་གཞུང་ལུགས་གང་ཐད་ནས་ལོ་རྒྱུས་ཤིན་ཏུ་རིང་པོ་ཡོད་པ་ཤེས་ཐུབ།
ལྔ་པ། རྩིས་ལ་བརྟག་པ།
གེ་སར་སྒྲུང་དུ་ལས་དོན་ཞིག་མ་སྒྲུབ་པའི་ཡར་སྔོན“བླ་མ་རྣམས་ལ་ལུང་ཡང་ཞུས། །མོ་དང་རྩིས་ལ་དཔྱད་ཤེས་མཛོད། །” 9ཅེས་འབྱུང་བ་ལྟར། རྩིས་ཀྱི་སྒོ་ནས་སྔོན་བརྟག་བྱེད་པར་ཡང་ཐབས་ལམ་གཞན་དང་འདྲ་བའི་གཙིགས་ཆེན་བྱེད། དཔེར་ན། 《སྟག་གཟིག་ནོར་རྫོང》དུ་འཇང་དམག་སྟག་གཟིག་ཏུ་འདྲེན་པའི་ལྟ་གོན་བྱེད་སྐབས་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གྱིས“གྲགས་པ་ཡར་འཕེལ་གཙོ་བྱས་པའི། །འཇང་གི་བླ་མ་རྣམ་གསུམ་བྱོན། །དྲག་པའི་ལྷ་ལ་བདེན་བརྡར་དགོས། །ཀུན་ཤེས་ཐིག་པོ་མགོ་བྱས་པའི། །འཇང་གི་མོ་མ་རྣམ་གསུམ་བྱོན། །མ་ཤེས་བློ་ཡི་ཁ་གསལ་དགོས། །རྩིས་པ་ཀུན་གསལ་ལ་སོགས་པའི། །འཇང་གི་རྩིས་པ་རྣམ་གསུམ་བྱོན། །བྱུས་ཡག་ཉེས་ཐད་དུ་འགྲོ་བ་བཀའ། །བསམ་པ་རང་ཡུལ་འགྲུབ་པའི་དུས། །ཕུན་སུམ་ཚོགས་པའི་གཟེངས་བསྟོད་ཡོད། །”ཅེས་དམག་འདྲེན་པ་བརྟག་པ་གནང་དུ་བཅུག་པ་ལ། དེ་དག་གིས“ད་རེས་ནོར་རྫོང་ཕབ་ལེ་འདི། །བླ་མ་རྣམས་ཀྱི་ཐུགས་ལ་ཤར། །རྩིས་པ་རྣམས་ཀྱི་རྩིས་ལས་འགྲིག། མོ་མ་རྣམས་ཀྱི་མོ་ལ་བབ” 10ཅེས་མོ་བན་རྩིས་གསུམ་ཞལ་མཐུན་པར་གསུང་ཞིང༌། རྒྱལ་པོས་ཀྱང་དེ་རྣམས་ལ་གཏང་རག་གྱ་ནོམ་བསྩལ་བའི་གནས་ཚུལ་བཀོད་ཡོད་པ་ལྟ་བུ་དང༌། གཞན་ཡང་སྒྲུང་དཔེ་ཐམས་ཅད་ཀྱི་ནང༌། དོན་ཆེན་ཞིག་གི་དབུ་འཛིན་སྐབས་གཟའ་སྐར་འཕྲོད་སྦྱོར་བཟང་བ་ཞིག་འདེམས་པ་དང༌། དུས་ངན་ལ་འཕྲད་ན་བུ་རྟར་ཆག་གྲུམ་ཡོང་བར་སེམས་པ། དེ་མིན་སྐྱེས་སྐར་གྱི་འབྱུང་ཁམས་དང་བསྟུན་ནས་མི་ལ་མིང་འདོགས་པ་སྟེ། དཔེར་ན། འབྲུག་མོ་ཐོགས་དོན་ལྟ་བུར་མཚོན་ན། “སེང་ལྕམ་འབྲུག་མོ་ཐོགས་དོན་དེ། །དབྱར་ལ་མ་སྐྱེས་དགུན་ལ་སྐྱེས། །སྟག་ཡོས་གཉིས་ཀྱི་བར་སྒང་དུ། །སེར་མོ་སྐུ་དེ་འཁྲུངས་ཞོག་རེད། །དཀར་ཡག་གངས་ལ་སེང་གེ་འགྱིང༌། །ཨ་སྔོན་དགུང་ནས་འབྲུག་གཅིག་གྲགས། །དོག་མོ་ས་ནས་ལྕམ་གཅིག་སྐྱེས། །སེང་ལྕམ་འབྲུག་མོ་དེ་ནས་ཐོགས། །ལོ་ཀུན་དང་མཐུན་པའི་ཤིང་མོ་ལུག། 11ཅེས་པ་ལྟར་དུས་ཀྱི་དབྱེ་བ་དང་ལོ་རྟགས་སོགས་འབྱུང་རྩིས་ཀྱི་རིག་གནས་མཚོན་ཡོད་པ་རེད།
འབྱུང་རྩིས་ནི་གནའ་མི་རྣམས་ཀྱིས་སྤྱི་ཚོགས་ལག་ལེན་ཁྲོད་ནས་སྤྱི་སྡོམ་བྱས་པའི་རིག་གནས་ཤིག་ཡིན་ཞིང༌། དེའི་གཙོ་གནད་ནི་བརྟན་གཡོའི་དངོས་པོ་ཐམས་ཅད་བསྐྱེད་བྱེད་ཀྱི་རྒྱུ་སྟེ་ས་ཆུ་མེ་རླུང་འབྱུང་བ་བཞི་ངོས་བཟུང་བ་དེ་ཡིན་ཞིང༌། ས་ཡི་ཁམས་ཀྱིས་འགྲུབ་བྱེད་ཀྱི་རྒྱུ་བྱེད་ཅིང༌། ཆུ་ཁམས་ཀྱིས་གཅིག་ཏུ་སྡུད་པར་བྱེད། མེ་ཁམས་ཀྱིས་སྨིན་པར་བྱེད། རླུང་ཁམས་ཀྱིས་གཡོ་བར་བྱེད། འབྱུང་བ་དེ་དག་སྙོམ་ཞིང་རྣམ་པ་ལུགས་འབྱུང་གི་ཚུལ་དུ་རྒྱུ་བའི་ཚེ། དངོས་པོ་ཐམས་ཅད་འཕེལ་བའི་རང་བཞིན་ལ་གནས་ཐུབ་ཅིང༌། ནམ་ཞིག་འབྱུང་བ་རྣམས་ནང་ཕན་ཚུན་ཆ་མི་སྙོམ་ཞིང་ཚུལ་མིན་དུ་རྒྱུ་བ་ན་འཇིག་རྟེན་རྒུད་པར་འགྱུར། དེ་ལྟར་བརྟན་གཡོའི་དངོས་པོ་ཐམས་ཅད་ལ་ཁྱབ་པའི་འབྱུང་བ་དེ་དག་ཕན་ཚུན་གཉིས་སུ་འཕྲད་པ་ལས་འབྲས་བུ་མི་འདྲ་བ་རེ་འབྱུང་སྟེ། ཕྱི་རོལ་ཡུལ་དུ་ཕན་གནོད་སྣ་ཚོགས་འབྱུང་བའི་གང་ཞིག་འཕེལ་བ་ལ་མགོ་གནོན་དང༌། ཟད་པ་ལ་ཁ་སྣོན། འཁྲུགས་པ་ལ་སྙོམ་བྱེད་ཀྱི་གཉེན་པོ་བསྟེན་དགོས་པ་སོགས་རེད། དཔེར་ན། མིའི་འབྱུང་བ་འཁྲུགས་ཏེ་རླུང་མཁྲིས་བད་ཀན་སོགས་ཀྱི་ནད་རིགས་བྱུང་ན་རོ་དྲུག་དང༌། ནུས་པ་བརྒྱད། ཞུ་རྗེས་གསུམ་ལ་སོགས་ཀྱི་ཡོན་ཏན་ཡོད་པའི་སྨན་རིགས་སྤྱད་ན། ཟུག་རྔུ་ཞི་ཞིང་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ་པ་དང༌། ཡང་ན་རང་བྱུང་ཁམས་ཀྱི་འབབ་ཆུ་འཕེལ་བ་ལ་ཆུ་རགས་བརྒྱབ་ན་ཆུ་ལོག་གི་གནོད་འཚེ་འགོག་ཐུབ་པ་ལྟ་བུ་སོགས་རེད། དེ་ལྟར་དངོས་པོའི་ནང་གི་འགལ་བ་དང་འབྲེལ་བའི་གནས་ལུགས་རྟོགས་ན། བྱ་དངོས་ཀྱི་འཕེལ་རིམ་དང་འགྱུར་ལྡོག་ལ་ངོས་འཛིན་བྱེད་ཐུབ་ཅིང༌། སྔོན་དཔག་བྱས་པ་ལའང་ཚན་རིག་དང་མཐུན་པའི་འབྲས་བུ་འབྱུང་ངེས་རེད།
གོང་དུ་མཛུབ་མོ་རི་སྟོན་གྱི་ཚུལ་དུ་གེ་སར་སྒྲུང་གི་སྔོན་བརྟག་བྱེད་ཚུལ་གྱི་ཕྱོགས་འགའ་མཚམས་སྦྱོར་བྱས་པ་ཡིན་མོད། འོན་ཀྱང༌། དེ་ཙམ་གྱིས་གེ་སར་སྒྲུང་ནང་གི་སྔོན་བརྟག་རིག་གནས་ཀྱི་ནང་དོན་ཡོངས་རྫོགས་མཚོན་ཐུབ་པ་ཞིག་བྱུང་མེད་དེ། བཤད་ཁུལ་བྱས་པ་རྣམས་ཀྱང་ཤིན་ཏུ་རགས་པ་ཙམ་ལས། གནད་དོན་དག་ལ་དཔྱད་ཞིབ་གནད་དུ་ཁེལ་བ་ཞིག་བྱུང་མེད་པས། བློ་ལྡན་རྣམ་པས་སྐྱོན་བརྗོད་དང་དག་བཅོས་གནང་བའི་རེ་བ་ཞུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1