ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་དུས་སྐབས་སུ་རང་རྒྱལ་གྱི་གསར་འགྱུར་དཔེ་སྐྲུན་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་། དཔེ་དེབ་དཔེ་སྐྲུན་སྣེ་རིགས་དང་སྤྱིའི་པར་འདེབས་བྱེད་གྲངས་འཛམ་གླིང་གི་ཨང་དང་པོར་སླེབས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-15


   ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་དུས་སྐབས་སུ། རང་རྒྱལ་གྱི་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་ཐོན་ལས་གཞི་ཁྱོན་མགྱོགས་མྱུར་ངང་རྒྱ་ཆེར་ཕྱིན་ཡོད། མིག་སྔར། རང་རྒྱལ་གྱི་ཚགས་པར་ཉིན་རེར་པར་འདེབས་བྱེད་ཚད་དང་། དཔེ་དེབ་པར་སྐྲུན་སྣེ་རིགས་དང་སྤྱིའི་པར་འདེབས་བྱེད་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་དང་། གློག་རྡུལ་དཔེ་སྐྲུན་སྤྱི་འབོར་དང་། པར་འདེབས་་ལས་རིགས་ཀྱི་སྤྱིའི་གཞི་ཁྱོན་འཛམ་གླིང་གི་ཨང་གཉིས་པར་སླེབས་ནས། མིང་དོན་མཚུངས་པའི་དཔེ་སྐྲུན་རྒྱལ་ཁབ་ཆེན་མོར་གྱུར་ཡོད་པ་རེད།

   རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱི་འབྲེལ་ཡོད་འགན་འཁུར་བས། འདས་ཟིན་པའི་ལོ་ལྔའི་ནང་། རང་རྒྱལ་གྱི་སྲོལ་རྒྱུན་དཔེ་སྐྲུན་ལས་རིགས་ཀྱི་གྲུབ་ཆ་ལེགས་སུ་ཕྱིན་ཡོད་པ་དང་། གསར་དར་དཔེ་སྐྲུན་ལས་རིགས་མྱུར་དུ་མང་དུ་ཕྱིན་ཡོད། བསྡོམས་རྩིས་རྒྱབ་པར་གཞིགས་ན། སྤྱི་ལོ་2014ལོར་རྒྱལ་ཡོངས་ཀྱི་དཔེ་སྐྲུན་དང་པར་འདེབས། འགྲེམ་སྤེལ་བཅས་ཀྱི་ཞབས་ཞུའི་ལས་སྒོའི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་19967ཟིན་ནས། ཁེ་བཟང་སྒོར་དུང་ཕྱུར་1563དང་བྱེ་བ་7བྱུང་བ། དཔེ་སྐྲུན་བྱས་པའི་དཔེ་དེབ་ཀྱི་སྤྱིའི་པར་འདེབས་བྱེད་ཚད་དེབ་གྲངས་དུང་ཕྱུར་81དང་བྱེ་བ་9ཟིན་པ། དཔེ་སྐྲུན་བྱས་པའི་ཚགས་པར་ཁ་གྲངས་དུང་ཕྱུར་463དང་བྱེ་བ་9ཟིན་པ། དཔེ་སྐྲུན་བྱས་པའི་དུས་དེབ་ངོ་གྲངས་དུང་ཕྱུར་31ཟིན་པ་བཅས་དང་། གྲངས་གཞིའི་དཔེ་སྐྲུན་གྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་3387དང་བྱེ་བ་7ཟིན་ཡོད་པ་དེས་གསར་འགྱུར་དཔེ་སྐྲུན་ལས་གཉེར་ཡོང་འབབ་ནང་བཟུང་བའི་བསྡུར་ཚད་དེ་སྤྱི་ལོ་2010ལོའི་བརྒྱ་ཆ་བརྒྱད་དང་གྲངས་ཆུང་ལྔ་ནས་སྤྱི་ལོ་2014ལོའི་བརྒྱ་ཆ་17བར་འཕར་ཡོད་པ་དང་། རྒྱལ་ཁབ་རིམ་པའི་གསར་འགྱུར་དཔེ་སྐྲུན་ཐོན་ལས་རྟེན་གཞི་38་གཅིག་བསྡུས་བྱེད་པའི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་རེད།
   ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་དུས་སྐབས་སུ། གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱིས་གནས་བབ་ཧྲིལ་པོར་ཞབས་ཞུ་སྒྲུབ་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། སྒྲིག་གཞི་བསྒྱུར་བཅོས་བྱེད་པའི་ནུས་འབྲས་ཀྱང་མངོན་གསལ་དོད་པོ་བྱུང་ཞིང་། སྤྱི་པའི་ཞབས་ཞུའི་མ་ལག་ཐོག་མའི་ཆ་ནས་ཆགས་ཡོད་པ་རེད། དཔེ་སྐྲུན་སྨྱན་སྦྱོར་ཚོགས་པ་130ལྷག་སྒྲིག་འཛུགས་བྱས་ཡོད་པ་དང་། དེའི་ནང་ནས་དཔེ་སྐྲུན་ཚོགས་པ་བཞི་འཛམ་གླིང་གི་དཔེ་སྐྲུན་ཁེ་ལས་ཀྱི་ཡོང་འབབ་རྩེ་གྲ་ལྔ་བཅུའི་གྲས་སུ་འཛུལ་ཐུབ་ཡོད། རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཔེ་ཀློག་ཁང་དགུ་ཁྲི་བཙུགས་པ་དང་། ཞིང་དུད་དཔེ་ཁང་དྲུག་འབུམ་ལྷག་བཟོས་ནས། རྒྱལ་ཡོངས་ཀྱི་གཞི་རྩའི་ཆ་རྐྱེན་ཡོད་པའི་སྲིད་འཛིན་གྲོང་ཚོ་ཚང་མར་ཁེབས་པ་བྱས་ཡོད་པ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མིའི་ཐེངས་གྲངས་དུང་ཕྱུར་བརྒྱད་ཀྱིས་རིགས་ཁག་གི་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོར་ཞུགས་ཡོད་པ་རེད།
   གཞན་ཡང་། གསུང་རབ་ཀྲུང་གོ་ཞེས་པའི་རྒྱལ་སྤྱིའི་དཔེ་སྐྲུན་ལས་གཞི་སོགས་ཕྱིར་བསྐྱོད་པའི་གཙོ་གནད་ལས་གཞི་ལག་བསྟར་གཏིང་ཟབ་བྱས་ནས། རྒྱལ་ཁབ་དང་ས་ཁུལ་190ལྷག་གི་དཔེ་སྐྲུན་དངོས་པོའི་ཁྲོམ་ར་སྒོ་འབྱེད་པ་དང་། སྤྱི་ལོ་2014ལོར་རིགས་ཁག་གི་པར་འདེབས་དངོས་པོ་ཕྱིར་གཏོང་བྱེད་ཚད་ཨ་སྒོར་དུང་ཕྱུར་31ཟིན་པ། གྲངས་གཞིའི་དཔེ་སྐྲུན་ཐོན་རྫས་ལ་ཕྱི་རྒྱལ་གྱི་ཁྲོམ་རར་ཡོང་འབབ་ཨ་སྒོར་དུང་ཕྱུར་30ལྷག་བྱུང་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1