༄༅།། སིབ་བུའི་ནད་ཀྱི་མངོན་རྟགས་དང་བཅོས་ཐབས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-17


 

  སིབ་ནི་སིབ་བུའི་ནད་དུག་གིས་བསླངས་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་ཡིན་ཞིང་།  དེ་དགུན་དཔྱིད་ཀྱི་དུས་ཚིགས་སུ་འབྱུང་ཚད་མཐོ་བ་དང་འགོ་སླ་བའི་ནད་རིགས་ཅིག་ཡིན་ལ།   མིའི་ལུས་སྟེང་དུ་ནད་དེ་འགོས་རྗེས་ཉིན་བཅུ་ཡས་མས་འགོར་ན་ད་གཟོད་ཕྱིར་མངོན་སྲིད།

  དེའི་ནད་ཐོག་གི་མངོན་རྟགས་ནི། ཚ་ལངས་པ་དང་། པགས་འབྲུམ་འབྱུང་བ། མིག་གཉིས་དམར་པོར་འགྱུར་བ། མིག་ཆུ་བཞུར་བ། མིག་བརྩེ་པ། སྣ་སྦྲིད་རྒྱག་པ། སྣ་ཆུ་བཞུར་བ། ལུ་བ་བཅས་ཀྱི་ནད་རྟགས་དང་བསྟུན་ནས་ཁའི་ནང་ངོས་སུ་སིབ་འབྲུམ་འབྱུང་བ་ཡིན། དེ་དང་བསྡོངས་ནས་གློ་བའི་གཉན་ཚད་དང་མིད་པའི་གཉན་ཚད། ཀླད་སྐྱིའི་གཉན་ཚད་བཅས་འབྱུང་སྲིད། ཚ་ལངས་ནས་སིབ་འབྲུམ་འབྱུང་རག་བར་དུ་ཉིན་གསུམ་ནས་ལྔ་ཙམ་འགོར་ཞིང་། སིབ་འབྲུམ་དེ་རྣ་རྒྱབ་དང་། སྐྲ་མཚམས། དཔྲལ་བ།    ངོ་དང་སྐེ།   རྐང་ལག་དང་དེ་ནས་རིམ་གྱིས་ལུས་ཡོངས་སུ་འབུད་ངེས།

  ནད་དེའི་འགོ་ལམ་གཙོ་བོ་ནི། སིབ་བུ་བྱུང་ཡོད་པའི་ནད་པའི་མིག་ཆུ་དང་སྣ་ཆུ། ཁ་ཆུ་བཅས་ཀྱི་ནང་དུ་ནད་དུག་ཡོད་པས། དེ་དག་བརྒྱུད་ནས་ཕན་ཚུན་ལ་བགོས་པ་རེད། 

  ནད་དེ་མི་རྣམས་ལ་ཡོངས་ཁྱབ་ཀྱིས་འགོ་སླ་ཞིང་། བྱིས་པ་རློན་ནུར་འགོ་ཚད་ལྷག་ཏུ་ཆེ། ཡིན་ནའང་ཉེ་བའི་ལོ་འདི་འགར་སིབ་བུའི་འགོག་སྨན་ཁྱབ་གདལ་དུ་གྱུར་ཡོད་པས་སུབ་བུ་བྱུང་བའི་ལོ་ཚོད་ཀྱང་རིམ་གྱིས་རྗེས་སུ་བསྣུར་བཞིན་ཡོད།

  སིབ་བུ་སྔོན་འགོག་བྱེད་ཐབས་ནི། དུས་ལྟར་འགོག་སྨན་རྒྱག་པ་དང་། ཁང་བའི་ནང་དུ་རླུང་རྒྱུ་རུ་འཇུག་པ། ནད་དེ་མཆེད་པའི་དུས་སུ་མི་ཚོགས་མང་པོའི་གྲས་སུ་མི་འགྲོ་བར་ལུས་ཕུང་སྦྱོང་བརྡར་ལ་ཤུགས་བསྣན་ནས་རིམས་འགོག་ནུས་ཤུགས་ཇེ་བརྟན་དུ་གཏང་དགོས། སིབ་བུ་བྱུང་བའི་བྱིས་པ་ལོགས་སུ་བཀར་ནས་ལྟ་སྐྱོང་བྱས་ཏེ་སིབ་འབྲུམ་བྱུང་ནས་ཉིན་ལྔ་འགོར་རྗེས་ད་གཟོད་འཚོ་བཅུད་ལྡན་པའི་ཟས་ཀྱིས་གསོ་དགོས། དེ་ལ་འཇུ་སླ་བའི་ཟས་རིགས་སྟེར་བ་མ་གཏོགས་སྣུམ་བཅུད་ཆེ་བ་དང་ཁ་ཚ་བའི་རིགས་སྟེར་མི་རུང་།

  མར་གྱུར་སེམས་ཅན་གང་ཞིག་གིས་ཀྱང་བདེ་བ་ལས་སྡུག་བསྔལ་དང་ན་ཚ་མི་འདོད་པས།  ནད་ཆུང་ངུ་གང་ཞིག་ཡིན་རུང་ནད་ཆུང་དུས་སྨན་སྟེན་རྒྱུ་ཤིན་ཏུ་ནས་ཀྱང་གལ་ཆེ་ལ།   སྔོན་འགོག་གི་འདུ་ཤེས་བཟང་པོ་ཞིག་ཆགས་ན་རང་གཞན་ཀུན་ལ་ཕན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1