༄༅།། ཤ་ཉེ་ལོ་ལོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-21


སྐལ་བྷའི་ཨ་ཕ་ལགས་ནི། ཞོ་མར་སྡེ་བའི་ལས་བྱེད་པ་དཀྱུས་མ་ཞིག་ཡིན། ཁོང་གི་ལས་གནས་ནི། ཞོ་མར་ཡུལ་ཚོའི་ནང་གི་ཞིང་གྲོང་ཡིད་རྟོན་དངུལ་ཁང་ན་ཡོད་པས། ཞིང་འབྲོག་མང་ཚོགས་ལ་སྒོར་མོ་གཡར་བསྐྱི་བྱེད་ཆོག་པའི་དབང་ཆ་ཡོད།
སྤྱི་ལོ1993ལོའི་དབྱར་ཁ། སྐལ་བྷ་ནི་ཞོ་མར་སྡེ་བའི་ཡུལ་ཚོའི་སློབ་ཆུང་གི་སློབ་མ་ཆུང་ཆུང་ཞིག་ཡིན།
ཐེངས་ཤིག  ས་རུབ་ལ་ཉེ་ཡང་། སྒོ་ཁྱིས་ལྕགས་ཐག་གི་སྒྲ་སི་ལི་ལི་བྱེད་ཞོར། སྒོ་འགྲམ་དུ་སླེབས་པའི་འགྲུལ་བའི་ཕྱོགས་སུ་གསིག་འཐེན་བྱེད་ཀྱིན་གདའ། སྐལ་བྷ་ཡང་ཁོའི་ཨ་ཕ་དང་འགྲོགས་དེ། འགྲུལ་བའི་དེའི་སྔོན་དུ་ཆས། མ་གཞི་འགྲུལ་བ་དེ་ནི། ལྷ་ལུང་སྡེ་བའི་རྒན་པོ་ཨ་མཆོག་རེད། ཁོས་དབུགས་སྟོད་ལ་འཚང་ཞོར།
ཀུན་བཟང་། ཤ་ཉེ་ལོ་ལོ། ང་ནི་དོམ་གྱིས་བརྡའ་འོང་ནས་འདུག་གི་མི་འཇོག་གི  ད་ཐེངས་ཡིན་གཅིག་མིན་གཉིས་ཁྱོད་ཀྱི་ང་ལ་རོགས་ཤིག་བྱ་དགོས། ངས་མི་མང་པོ་ཞིག་ལ་རེ་བཅོལ་བྱས་ཀྱང་། རོགས་པ་བྱེད་མཁན་གཅིག་ཀྱང་མི་འདུག  དྲིན་ཅན་པོ། ད་ཐེངས་ཁྱོད་ཀྱིས་ང་ལ་མགོན་སྐྱབས་ཤིག་མཛད་རོགས།
ཀུན་བཟང་གིས་ཡུད་ཙམ་ལ་བསམ་བློ་ཞིག་བཏང་བ་དང་། དེ་ནས་ཅུང་མ་རང་བའི་ཉམས་ཀྱིས་ཁྱོད་ཀྱིས་ན་ནིང་བསྐྱིས་སོང་བའི་སྒོར་ཁྲི་གཅིག་ད་རུང་ཕྱིར་སྤྲད་མེད་མོད། ད་ཐེངས་ཁྱོད་ལ་ཐབས་ཟད་ཡོད་ན། ངས་ཀྱང་ཐབ་བཀོད་ཞིག་འཐེན་དགོས་ཀྱི་རེད། ཨ་མཆོག་གིས་རྨ་བྱས་འབྲུག་སྒྲ་ཐོས་པ་བཞིན།
ཨོ་ལེ། དྲིན་ཅན་པོ། ད་ཐེངས་ཁྱོད་ཀྱིས་ང་ལ་རོགས་པ་མ་བྱས་ན། ཁོ་ཚོས་ང་གསོད་རྒྱུ་ཟེར། ངས་བུ་ལོན་སྟོན་མོ་བྱས་ཀྱང་མི་ཡོང་གི   ང་ངོ་མ་ངོ་ཚ་ནས་འདུག་མི་བཟོད་གི སྐབས་དེར། ཁོས་སྐད་ཆ་བཤད་སྟངས་དང་ཞུ་བ་འཐེན་ལུགས་ལ་བརྟག་ན། ཀུན་བཟང་གིས་ཁོ་ལ་ལམ་སེང་ཕྱག་ཅིག་འཚལ་ཞེས་བཤད་ན་ཡང་། ཁོ་ལ་ཐེ་ཚོམ་མེད་ཁོ་ཐག་རེད། མཐུད་ནས་ཀུན་བཟང་ལ་སྙིང་རྗེ་གློ་བུར་བ་ཞིག་སྐྱེས་ནས།
ཡ་ཡ། ཆོག་གི   ད་ཐེངས་ངས་ཁྱོད་ལ་ཡང་བསྐྱར་ཡིད་ཆེས་བྱེད། འདི་ན་སྒོར་སྟོང་ལྔ་ཡོད། ལོ་མཇུག་ལ་སླེབས་དུས། མ་དངུལ་སྐྱེད་དང་བཅས་དུས་ལྟར་སྤྲོད་དགོས།
ཨ་མཆོག་གིས་ཀུན་བཟང་གི་སྒོར་མོ་ལེན་ཞོར།
ཁྱོད་སེམས་བདེ་མོ་བྱོས།
ཤ་ཉེ་ལོ་ལོ། བདེ་མོ་བྱོས།
ས་རུབ་ལ་ཉེ་བའི་མཚན་མོ་དེར། སྐལ་བྷས་གོ་ཐོས་སུ། ཨ་མཆོག་ཚང་གི་རུ་ནི་ནགས་ཚལ་ཆེ་བའི་རི་འདབས་ཞིག་ན་ཡོད་པས། ཕལ་ཆེར་རྒན་པོ་ལོ་ལོན་འདི་ནགས་ཚལ་ཁྲོད་ཀྱི་དོམ་གྱིས་བརྡའ་འོང་བ་རེད་འདོད་དེ།
ཨ་ཕ་ལགས། འགྲུལ་བ་དེ་གང་ཞིག་ནས་དོམ་གྱིས་བརྡའ་ཡོང་བ་རེད།
ཀུན་བཟང་དགོད་བཞིན་དུ།
འགྲུལ་བས་བཤད་པའི་དོམ་ཞེས་པ་དེ། སྲོག་ཆགས་དོམ་མ་རེད། དེ་ནི་མི་གཞན་ལ་བསྐྱིས་པའི་སྒོར་མོ་དག  དུས་ལྟར་མ་སྤྲད་དེ། ད་ལྟ་སྒོར་མོ་བསྐྱི་མཁན་གྱིས་དོམ་གྱིས་རི་དྭགས་བརྡས་པ་བཞིན། རྒན་པོ་ཨ་མཆོག་གི་ཐོག་ལ། ཁ་གདངས། མིག་ཅེར་ནས་ཟ་གྲབས་བྱེད་ཀྱིས་ཡོད་པས་སྡུག་བསྔལ་བསམ་གྱིས་མི་ཁྱབ། ཁྱོད་རང་ལག་ཆགས་དུས། མི་གཞན་པའི་ས་ནས་ཅི་མ་ཡིན་ལ། སྒོར་མོ་བསྐྱི་མི་ཆོག
སྐལ་བྷས་གང་བྱུང་དུ་ཨོ་ཡ་ཞེས་པའི་ལན་སྟབས་བདེ་ཞིག་བཏབས།
སྤྱི་ལོ1998ལོར། སྐལ་བྷ་རྫོང་མི་རིགས་སློབ་འབྲིང་དུ་ཞུགས།
ལོ་དེར། སྐལ་བྷའི་ཕ་རྒན་ཀུན་བཟང་ལགས་ཀྱང་ཚེ་ལས་འདས་སོང་།
ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་ཉིན་ཞིག  སྐལ་བྷ་ཕྱིར་རང་ཁྱིམ་དུ་ལོག སྐལ་བྷའི་ཨ་མས། སྐར་བྷ་ལ་འོ་ཇ་ལྡུག་ཞོར།
ན་ནིང་། འུ་ཚང་གི་ནོར་གཡག་འབྲོང་འདྲ་བ་གཉིས་རྐུན་མས་ཁྱེར་སོང་། དེ་ནི་རྒན་པོ་ཨ་མཆོག་གིས་ཐབས་བཀོད་འཐེན་པ་རེད་འདོད།
     སྐལ་བྷས་ཨ་མ་ལགས་ཀྱི་སྐད་ཆའི་ནང་དོན་མ་གོ་བར། ངེད་ཚང་གི་གཡག་གཉིས་སུས་བརྐུས་སོང་བ་རེད། ཁོ་མོས་བསམ་བློ་ཨེན་ཙམ་བཏང་ནས། ཁྱོད་དེ་དུས་སློབ་མཐར་ཕྱིན་མེད་པས། ང་ཚོས་ཁྱོད་ཀྱིས་སེམས་ཁུར་བྱས་ཏེ་སློབ་སྦྱོང་ལ་གནོད་པར་དོགས་ནས། དོན་དེ་ཁྱོད་ལ་གསང་བ་ཡིན།
སྐལ་བྷས་གཞི་ནས་དོན་དག་ལ་རྒྱུས་ལོན་བྱུང་།
སྐལ་བྷ་དམའ་འབྲིང་ལོ་རིམ་དང་པོ་ལ་ཞུགས་པའི་དུས་དེར། ཁོའི་ཨ་ཕ་ཀུན་བཟང་ལགས་བཅོས་ཐབས་མེད་པའི་ནད་ཞིག་གིས་ཚེ་ལས་འདས་སོང་། འོན་ཀྱང་སྐབས་དེར། སྐལ་བྷའི་ཨ་ཕ་ཀུན་བཟང་ཟེར་ན། སྡེ་མི་ཡོངས་ཀྱིས་ཁོ་འདྲ་བའི་མི་བཟང་པོ་ཞིག་འཚོལ་དཀའ་ཟེར་ནས་མིག་ཆུ་འདོན་པ་སྐལ་བྷས་དངོས་སུ་མཐོང་། དེ་ནི་ཁོའི་ཨ་ཕའི་ལག་ཏུ་ཞོ་མར་སྡེ་བའི་ཞིང་གྲོང་ཡིད་རྟོན་དངུལ་ཁང་གི་སྒོར་མོ་བསྐྱི་རྒྱུ་ཡོད་པ་དང་། ལྷག་ཏུ་ཁོང་ནི་གཤིས་རྒྱུད་འཇམ་པའི་མི་ཞིག་ཡིན་པས་མཐོ་དམན་དྲག་ཞན་གྱི་མི་སུ་ཞིག་སྒོར་མོ་བསྐྱི་རུ་ཡོང་ན། ཚང་མར་འདྲ་མཉམ་གྱིས་བྱ་བ་བསྒྲུབས་པས་ཁོ་རང་མང་ཚོགས་ཀྱི་མིག་ལམ་དུ་ད་གཟོད་མི་བཟང་པོ་ཞིག་ཡིན་པའི་སྣང་བརྙན་བསྐྲུན་པ་རེད།
གང་ལྟར། ཡིད་ཕངས་བ་ཞིག་ལ། སྐལ་བྷའི་ཨ་ཕ་ལོ་གཅིག་དང་ཕྱེད་ལྷག་ལ་ན་བ་དང་། དེའི་རིང་ལ། སྔོན་ཆད་ཁོས་སྒོར་མོ་བསྐྱི་མྱོང་སའི་རྒན་པོ་ཨ་མཆོག་ཐེངས་གཅིག་ལ་ཡང་། སྔོན་ཆད་ཁོ་གཉིས་ཀྱི་ཁ་ཆད་བཞིན་དུས་ཐོག་ཏུ་གཏན་ནས་མ་ཡོང་མོད། ཀུན་བཟང་ནི་འཆར་གཞི་ལྡན་པའི་མི་ཞིག་ཡིན་པས། རང་ཉིད་མི་རིང་བར་འཇིག་རྟེན་འདི་ལས་འགྲོ་དགོས་པ་ཤེས་པས། ཁོས་རྫོང་ཞིང་གྲོང་ཡིད་རྟོན་དངུལ་ཁང་གི་ལས་གྲོགས་དང་། རང་གི་བུ་ཆེ་བ་དང་མཉམ་དུ། དེ་སྔོན་སྒོར་མོ་བསྐྱི་མྱོང་སའི་མི་དང་སྒོར་མོའི་ཁ་གྲངས་སོགས་ངོ་སྤྲོད་ཚང་རྩིས་ལེགས་པོ་བྱས་སོང་།
སྐལ་བྷའི་ཨ་ཕ་ལགས། སྐུ་གཤེགས་ནས་ལོ་དྲུག་འགོར་བའི་ཉིན་ཞིག 
 རྒན་པོ་ཨ་མཆོག་སྐལ་བྷ་ཚང་དུ་ཡོང་། སྐལ་བྷས་ཕུ་བོ་ལགས་ཀྱིས་ཁོ་ལ་སྣེ་ལེན་གཟབ་རྒྱས་བྱས་མོད། ཁོ་རང་གཞི་ནས་རྨི་ལམ་ལས་སད་པ་བཞིན། སྐལ་བྷའི་ཕུ་བོ་ལ། དེ་སྔོན་ཁྱོད་ཀྱི་ཨ་ཕ་དང་ངེད་གཉིས་ལ་ཁ་ཆད་ཅིག་ཡོད། ཁྱོད་ཀྱི་ཕ་མཐོ་རིས་བོ་སོང་རྗེས། ང་ལ་རྫོང་ཞིང་གྲོང་གི་ཡིད་རྟོན་དངུལ་ཁང་གི་ལས་བྱེད་པ་ཡོང་ནས། དེ་སྔོན་ངས་མཛུབ་ཐེལ་བརྒྱབ་ཏེ་བསྐྱིས་སོང་བའི་སྒོར་ཁྲི་གཅིག་དང་སྟོང་ལྔའི་མ་དངུལ་སྐྱེད་དང་བཅས་པ་བླངས་སོང་། འོན་ཀྱང་ཁྱོད་ཀྱི་ཕ་མཐོ་རིས་བོ་དང་ངེད་གཉིས་ལ་ཁ་ཆད་ཅིག་ཡོད་པ་ནི། བསྐྱིས་པའི་སྒོར་མོ་དེ་ལ་ཁེ་གྱོང་ཅི་ཞིག་ཡོད་ཀྱང་མཉམ་བགོ་བྱེད་རྒྱུ་བྱས་ཡོད། ཁྱོད་ཀྱིས་ང་ལ་སྒོར་མོ་ཕྱེད་ཀའི་སྐྱིན་ཚབ་བྱེད་རོགས།
སྐལ་བྷས་ཕུ་བོས་སྐད་ཆ་དེ་གོ་མ་ཐག་ཚིག་པ་གཏིང་ནས་ཟོས་ཏེ།
ཁྱོད་མི་ལོ་བརྒྱད་ཀྱི་རིང་ལ་ཤི་སོང་བ་མིན་ནམ། ང་ཚོའི་བར་ན། ལ་གྲི་སྒང་འདྲ་བ་ཞིག་ལས་མེད་པས་དེ་འདྲའི་དོན་ཆེན་ཞིག་ཡོད་ན། ད་བར་མ་གཏོགས་མི་ཡོང་དོན་ཅི་ཡིན།
ཁོང་གཉིས་ཁ་འཛིང་དྲག་པོ་ཞིག་བགོས་ཏེ་རང་གནས་སུ་ལོག
ཉིན་དེར། སྐལ་བྷས་ཨ་མས་སྐད་ཆ་བཤད་དེ་མཚམས་འདིར་སླེབས་དུས། སྐལ་བྷས་ད་རུང་ཅི་ཡིན་ཧ་མ་གོ་ནས།
 དོན་དེ་ངེད་ཚང་གི་རྐུ་ལ་ཤོར་བའི་ནོར་གཡག་གཉིས་དང་འབྲེལ་བ་ཅི་ཡོད།
  ཁྱོད་ཀྱི་ཕུ་བོ་དང་ཨ་མཆོག་གཉིས་ཚིག་རྩོད་བྱས་ཏེ་ཁ་གྱེས་སྐབས། ཕུ་བོས་ཁོ་ལ། ཁྱོད་ཀྱིས་ཅི་བསམ་ན་དེ་བསྒྲུབ་ཅེས་གཤེ་གཤེ་བཏང་བ་ན། རྒན་པོ་ཨ་མཆོག་འུ་ཐུག་ནས་ཕྱིར་ནང་དུ་ལོག  འོན་ཀྱང་རྒན་པོ་ཨ་མཆོག་ཕྱིར་སོང་ནས། ཟླ་ཕྱེད་ལྷག་འགོར་དུས། ངེད་ཚང་གི་ནོར་གཡག་འབྲོང་འདྲ་བ་གཉིས་རྐུ་ལ་ཤོར་སོང། གཅིག་བྱས་ན་དེ་ནི་རྒན་པོ་ཨ་མཆོག་གིས་ཐབས་ཇུས་ཡིན་རྒྱུ་རེད། གོ་ཐོས་སུ་ཁོ་ལ་བུ་དང་མག་པ་མང་པོ་ཞིག་ཡོད་རབས། ད་བཤད་དཀའ་བ་རེད་ཟེར། དྲང་མོ་བཤད་ན། རྒན་པོ་ཨ་མཆོག་གི་སྐད་ཆ་ལ་སུ་ཞིག་གིས་བདེན་དཔང་བྱེད་ཐུབ།
སྐལ་བྷ་གློ་བུར་དུ་བསམ་གཞིག་གི་ཁྲོད་ལྷུང་། སེམས་སུ་ཁོ་རང་བྱིས་པ་ཡིན་དུས། རྒན་པོ་ཨ་མཆོག་རྟག་ཏུ་ཁོང་ཚང་ལ་ཡོང་བ་དང་། ཁོས་ཨ་ཕ་ལགས་ཀྱིས་རྟག་ཏུ་ཁོང་གྲོགས་པོ་བཟང་བོ་ཞིག་ལ་བརྩིས་ཏེ།
 ཤ་ཉེ་ལོ་ལོ། ཇ་འཐུང་། ཤ་ཟོས།
རྒན་པོ་ཨ་མཆོག་གིས་ཤ་ཉེ་ལོ་ལོ། ངས་ཇ་འཐུང་གིན་ཤ་ཟ་ཡི་ཡོད།
སྐལ་བྷའི་མིག་ལམ་དུ། ཁོའི་ཕ་རྒན་ཀུན་བཟང་དང་། རྒན་པོ་ཨ་མཆོག་གཉིས་ཀྱིས་དགོད་སྒྲའི་ཁྲོད་དུ། བཟའ་བཏུང་རོལ་བའི་སྣང་བརྙན་ཞིག་ཡིད་ལ་ཝ་ལེར་འཁོར་ཡོང་།


རྩོམ་ཡིག་སྔོན་མ།
༄༅།། རྩྭ་ཐང་གི་ཉིན་ཐོ།
རྩོམ་ཡིག་རྗེས་མ།
༄༅།། ས་བདག་རྒྱལ་པོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1