༄༅།། རྟ་ནོར་ལུག་གསུམ་གྱི་ལོ་བརྩི་ཚུལ་རགས་ཙམ་ངོ་སྤྲོད་བྱེད་པ།

པད་མ་མཚོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བདེ་ཆེན་བོད་ཡིག་ཚགས་པར། སྤེལ་དུས། 11-26


  རྟ་ནོར་ལུག་གསུམ་ནི་བོད་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གཅེས་ནོར་རིགས་གསུམ་ཡིན་ལ། འབྲོག་པའི་རྒྱུ་ནོར་ལོངས་སྤྱོད་དང་ཁ་རྗེ་དབང་ཐང་གི་དར་རྒུད་ཚང་མ་རྟ་ནོར་ལུག་གསུམ་གྱི་འཕེལ་སྟོབས་དང་འབྲེལ་བ་ཡོད་པས་འཚོ་བའི་མཁོ་རྟེན་གཙོ་བོ་ཡང་ཡིན་པ་རེད། བོད་ཀྱི་འཚོ་བའི་ཁྲོད་རྟ་ནོར་ལུག་གསུམ་དང་འབྲེལ་བའི་ཐུན་མིན་གྱི་རིག་གནས་ཡོད་ལ། ནོར་ཕྱུགས་ཀྱི་མིང་འདོགས་ཚུལ་དང་ལོ་ན་བརྩི་ཚུལ་ཡང་མི་རིགས་གཞན་དང་མི་མཐུན་པའི་རང་གི་ཁྱད་ཆོས་ཡོད་པས། གཤམ་དུ་རྟ་ནོར་ལུག་གསུམ་གྱི་ལོ་བརྩི་ཚུལ་ངོ་སྤྲོད་ཅིག་བྱ།

 ནོར་ནག་ནི་མདོ་དབུས་མཐོ་སྒང་ཏུ་འཚོ་ཞིང་གནས་པའི་ཁྱད་ནོར་ཞིག་ཡིན་ལ།  མི་རྣམས་ཀྱིས་འདི་ལ་མཐོ་སྒང་གི་གྲུ་གཟིངས་ཞེས་པའི་མཚན་སྙན་གནང་ཡོད།  གདོད་མའི་སྤྱི་ཚོགས་ནང་། རང་རེའི་མེས་པོ་རྣམས་ཀྱིས་ནོར་ནག་འདུལ་སྐྱོང་བྱས་ཏེ་བོད་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་འབྲོག་ལས་ཐོན་སྐྱེད་ཀྱི་རྣམ་པ་འདི་གསར་གཏོད་བྱས་པ་རེད། བོད་མི་རྣམས་ཀྱིས་ནོར་ཕྱུགས་ཀྱི་ལོ་ན་བརྩི་བ་ལ་ཡང་ལོ་གཅིག་ཅན་དང་གཉིས་སོགས་མི་ཟེར་བར།   རང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁྱད་ཆོས་ལྡན་ཏེ། ལོ་གཅིག་ཅན་ལ་བེའུ་དང་གཉིས་ཅན་ལ་ཡ་རུ། གསུམ་ཅན་ལ་ཤད་དང་བཞི་ཅན་ལ་སོ་གཉིས། ལོ་ལྔ་ཅན་ལ་སོ་བཞི་དང་དྲུག་ཅན་སོ་དྲུག    ལོ་བདུན་ཅན་ལ་ཁ་གང་ཟེར་ཞིང་། དེའི་ཡན་ལ་ལོ་རེ་བཞིན་ཁ་གང་ནས་ལོ་གཅིག་དང་ཁ་གང་ནས་ལོ་གཉིས་སོགས་ཟེར་ནས་བརྩི་བ་རེད། རྟ་ལུག་ལའང་འདི་ལྟར་ལོ་ན་བརྩི་ཚུལ་སོ་སོར་ཡོད་པ་རེད།  སོ་རྟགས་ཀྱིས་ལོ་ན་བརྩི་བ་ཡང་ཆ་གྲངས་ཀྱིས་འདྲེན་པ་ལས་ཡ་གྲངས་ཀྱིས་སོ་གཅིག་སོ་གསུམ་ཞེས་འདྲེན་ཚུལ་མེད། 

 

 བོད་མི་སྤྱི་ནས་རྟ་ལ་ཞེན་མདངས་ཁྱད་པར་ཞིག་བཟུང་ཡོད།  རྒྱུན་ལྡན་འཚོ་བའི་ཁྲོད་དུའང་རྟ་ཡིས་མིའི་འཚོ་བར་རོགས་རམ་གང་མང་གནང་ཐུབ་ཡོད། ལྷག་པར་དུ་འབྲོག་པར་མཚོན་ན་རྟ་ནི་འགྲིམ་འགྲུལ་གྱི་ཁྲོད་མེད་དུ་མི་རུང་བའི་ལག་ཆ་གལ་ཆེན་ཞིག་ཡིན་པས་ན། འབྲོག་པས་རང་གི་ཞོན་རྟ་ལ་གང་ཐུབ་ཐུབ་ཀྱིས་མཛེས་རྒྱན་སྤྲས་ཤིང་རྟའི་ཁྱད་ཆོས་གང་རུང་ལ་བརྟེན་ནས་མིང་ཡང་མི་འདྲ་བ་སྣ་ཚོགས་ཤིག་འདོགས་པའི་སྲོལ་ཡོད་པ་དང་ལོ་བརྩི་ཚུལ་ཡང་འདི་འདྲ་ཡིན་ཏེ། རྟ་ཕོ་ཡིན་ན་རྟེའུ། ཅོ་བྲེགས། རྒྱེས། ཕོ་བཞི། ན་སོ་གཅིག་པ། གཉིས་པ་ཞེས་བརྩི་སྲོལ་ཡོད་ལ།  རྒོད་མ་ཡིན་ན་རྟེའུ་དང་། ཅོའི་མོ། རྒྱ་མོ། གཞི་མོ། ན་སོ་གཅིག་མ། གཉིས་མ་ཞེས་བརྩི་བ་རེད།

 གཡང་དཀར་ལུག་ཀྱང་འབྲོག་པའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་འཚོ་རྟེན་གཙོ་བོ་ཞིག་ཏུ་གྱུར་ཡོད། འབྲོག་པ་རྣམས་ཀྱིས་ལུག་ལ་འཚོ་སྐྱོང་བྱེད་པའི་ནམ་རྒྱུན་གྱི་འཚོ་བ་ལས་ལུག་ལ་རྒྱུས་མངའ་བར་གྱུར་བ་དང་ལྷན་དུ། གཡང་དཀར་ལུག་གི་ཕྱིའི་སྤུ་མདོག་དང་ལོ་ཚད་སོགས་ཁྱད་ཆོས་གང་རུང་ལ་བརྟེན་ནས་མིང་ཡང་མི་འདྲ་བ་དུ་མ་ཞིག་བཏགས་ཡོད་པ་སྟེ། དཔེར་ན། ཕོ་ལུག་ལ་ཤ་གཟན་དང་།  ཐུང་བ།    ཕོ་ལག་ཟེར་བ་དང་། མོ་ལུག་ལ་མ་མོ་དང་། ཚེར་མོ། ལག་མོ་ཟེར་བ་ལྟ་བུ། ད་དུང་ཕོ་ལུག་དང་མོ་ལུག་གང་རུང་ལ་ལོ་ཚད་ཀྱི་ཆ་ནས་ལུ་གུ་དང་། ལག་གསོ་གཉིས། སོ་བཞི། སོ་དྲུག  ཁ་གང་ཞེས་པའི་མིང་འདོགས་སྲོལ་ཡོད། གཞན་ཡང་ཕོ་མོ་མཉམ་བསྲེས་བྱས་པའི་ལུག་ལ་ལུག་ཁྱུ་དང་། མོ་ལོགས་སུ་དགར་བའི་ཁྱུ་ལ་མ་ཁྱུ་དང་དེའི་རྫི་བོར་མ་རྫི་ཟེར་བ། ཕོ་ལོགས་སུ་དགར་བའི་ལུག་ཁྱུ་ལ་ཤ་ཁྱུ་དང་དེའི་རྫི་བོར་ཤར་རྫི་སོགས་ཟེར་སྲོལ་ཡོད་པས། ང་ཚོ་རྗེས་རབས་པ་རྣམས་ཀྱིས་སྔོན་བྱོན་མེས་པོ་ཚོས་བཞག་པའི་འོད་སྟོང་འབར་བའི་རིག་གནས་འདི་དག་ཉམས་པ་སོར་ཆུད་དང་མ་ཉམས་པ་གོང་འཕེལ་བྱས་ནས་ཡུན་ནས་ཡུན་དུ་རྒྱུན་འཛིན་དང་དར་སྤེལ་བྱེད་རྒྱུ་ནི་ང་ཚོའི་ཕྲག་ཐོག་ཏུ་བབས་པའི་འོས་འགན་རེད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1