སྡེ་དགེ་པར་ཁང་ཆེན་མོ་འཛམ་གླིང་ཤུལ་བཞག་རིག་གནས་གྲས་སུ་འཇོག་རྒྱུའི་རེ་ཞུ་བྱེད་འགོ་ཚུགས།

རྩོམ་སྒྲིག་པ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-27


  རྒྱལ་ཡོངས་ཀྱི་གལ་ཆེའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་སྟེ་བོད་ཀྱི་རིག་གནས་ཀྱི་གཏེར་མཛོད་དུ་གྲགས་པའི་སྡེ་དགེ་པར་ཁང་ཆེན་མོ་འཛམ་གླིང་ཤུལ་བཞག་རིག་གནས་གྲས་སུ་འཇོག་རྒྱུའི་རེ་ཞུ་བྱེད་འགོ་ཚུགས། སྤྱི་ཟླ་11པའི་ཚེས་24ཉིན་གསར་འགོད་པའི་སི་ཁྲོན་ཞིང་ཆེན་རིག་དངོས་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན་སྡེ་དགེ་པར་ཁང་འཛམ་གླིང་ཤུལ་བཞག་རིག་གནས་གྲས་སུ་འཇོག་རྒྱུའི་རེ་ཞུ་བྱེད་པའི་སྐུལ་འདེད་གྲོས་ཚོགས་དང་ཆེད་རམས་པའི་དཔྱད་གླེང་ཚོགས་འདུ་འཚོགས་ཤིང་ཚོགས་ཐོག་ཏུ་སྡེ་དགེ་པར་ཁང་འཛམ་གླིང་ཤུལ་བཞག་རིག་གནས་གྲས་སུ་འཇོག་རྒྱུའི་རེ་ཞུ་བྱེད་པའི་ལས་ཀ་དངོས་སུ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་ཤིང་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་ཤུལ་བཞག་གི་གྲ་སྒྲིག་མིང་ཐོའི་ནང་ཚུད་རྒྱུ་དེ་རེད།

  སྡེ་དགེ་པར་ཁང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་མིང་ཐོར་ཚུད་པའི་བོད་ཀྱི་པར་བརྐོས་སྒྱུ་རྩལ་ནང་བོད་ཡིག་བསྟན་བཅོས་ཁྲི་32ལྷག་དང་བརྐོས་རིས་མང་པོ་ཡོད་པ་རེད། ནང་བསྟན་བསྟན་བཅོས་དང་གསོ་རིག། མཚན་ཉིད་རིག་པ། སྐར་རྩིས་སོགས་བོད་ཀྱི་རིག་གནས་བསྟན་བཅོས་70%འདུས་པ་རེད། བསྟན་བཅོས་ཀྱི་གྲངས་འབོར་དང་རིགས་བོད་ཀྱི་པར་ཁང་ཆེན་མོ་གསུམ་ལས་ཆེས་མང་ཤོས་ཡིན།

  སྡེ་དགེ་པར་ཁང་སྔ་རྗེས་སུ་1980ལོ་དང་1986ལོ་ལ་ཞིང་ཆེན་དང་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན་དུ་བཞག་པ་དང་། 2007ལོར་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་དངོས་ཤུལ་བཞག་གི་གྲས་སུ་བཞག །


  སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་བཀྲ་ཤིས་སྒོ་མང་ཞེས་བྱ་བ་འདི་ནི་བོད་རབ་བྱུང་བཅུ་གཉིས་པའི་ས་བྱ་ལོ་སྟེ་སྤྱི་ལོ་1729ལོར་སྡེ་དགེ་རྒྱལ་པོའི་གདུང་རབས་ཞེ་ལྔ་པ་དང་། སྡེ་དགེའི་རྒྱལ་རབས་བཅུ་གཉིས་པ། ཆོས་རྒྱལ་ཁྲི་རབས་དྲུག་པ་བསྟན་པ་ཚེ་རིང་གིས་ཨ་ལོ་དཔལ་འབྱོར་དགོན་ནས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ཆོས་རྒྱལ་ཉིད་ཀྱི་ཐུགས་བཞེད་ལྟར་བསྒྲུབས་ཤིང་། ཤིང་དང་པར་བརྐོའི་མཐུན་རྐྱེན་ཁོང་གིས་བསྒྲུབ་ཆོག་ཅེས་སྐུལ་བ་དང་། དགེ་མཚན་ལ་བརྟག་དཔྱད་ནན་ཏན་མཛད་དེ་སྡེ་བཞི་དགེ་བཅུའི་རབ་ཏུ་འབྱོར་བའི་གནས་དཔལ་ལྡན་ལྷུན་གྲུབ་སྟེང་དུ་བཞེངས་རྒྱུའི་ཐུགས་ཐག་བཅད་དེ་ཧོར་ཟླ་གཉིས་པའི་ཚེས་བཟང་ཉིན་རྨང་བཏིང་། རྒྱལ་བའི་བཀའ་འགྱུར་མཚལ་པར་གསར་བཞེངས་ཀྱི་ལས་གྲྭ་དངོས་སུ་དབུ་ཚུགས། སི་ཏུ་ཆོས་ཀྱི་འབྱུང་གནས་སྐུ་དངོས་ནས་ཞུ་དག་པའི་ཁུར་བཞེས་ནས་དཔེ་རྒྱུན་རྙིང་བ་ཁུངས་བཙུན་འགའ་ལ་དཔེ་བསྡུར་བྱས་ཏེ། རིག་པར་སྨྲ་བའི་བློ་ལྡན་དུ་མ་དང་ལྷན་དུ་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་ལོ་སྟེ་སྤྱི་ལོ་1730ལོའི་ཟླ་2པའི་ཚེས་3ཉིན་ཞུ་དག་བྱ་རྒྱུའི་དབུ་ཚུགས།  པར་རྐོ་མཁན་ཆིག་སྟོང་ཙམ་གྱི་ནང་ནས་ཡང་དུ་ཕུལ་བྱུང་པར་རྐོ་བ་བཞི་བརྒྱ་གདམས་གསེས་བྱས་ཏེ་པར་རྐོ་རྒྱུའི་དབུ་བརྩམས།  དེ་དག་གིས་ཀྱང་བདེ་ལས་དང་མགྱོགས་ལས་ཙམ་མ་ཡིན་པར་མི་རེས་ཉིན་རེ་ལ་ལྡེབ་ངོས་རེ་ལས་རྐོ་མི་ཆོག་པའི་བཅའ་ཁྲིམས་བཞག་ནས་ཟབ་ཚད་ཀྱང་ངེས་པར་གཏན་ལ་ཕབ། ཆོས་རྒྱལ་གང་གི་རྟེན་བཀའ་འགྱུར་རོ་ཅོག་མཚལ་གྱི་པར་དུ་བཞེངས་གྲུབ་ནས་བཞུགས་སུ་གསོལ་བའི་བརྟེན་པ་གཙུག་ལག་ཁང་བཅས་ལེགས་པར་བསྐྲུན་ཏེ་དེང་གི་དུས་སུའང་གཟི་བྱིན་འབུམ་ཕྲག་འབར་བཞིན་བཞུགས་པ་དང་། གཞན་ཡང་པར་ཤིང་དང་ཤོག་བུ། སྣག་ཚ་སོགས་བཟོ་མཁན་དང་ཞུ་དག་མཁན། བྲིས་མཁན། རྐོ་བཙུགས་མཁན། གཡོག་མཁན་བཅས་མི་གྲངས་བརྒྱ་ལ་ཉེ་བ་ནས་ལོ་གྲངས་ལྔའི་རིང་ལ་བརྩོན་པ་ཆེར་བསྐྱེད་ཀྱིས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སྲིད་གསུམ་ན་འགྲན་ཟླ་དང་བྲལ་བ་འདི་ཉིད་པོད་བརྒྱ་དང་གསུམ་ལེགས་བྱས་པར་དུ་བསྐྲུན་ཐུབ་པར་བྱུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1