ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་སྲིད་འཛིན་ཨོ་པཱ་མ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


  སྤྱི་ཟླ་11པའི་ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རིས་ནས་ཨ་མེ་རི་ཁའི་སྲིད་འཛིན་ཨོ་པཱ་མ་དང་མཇལ་འཕྲད་གནང་། ཀྲུང་གོ་དང་ཨ་རིའི་འབྲེལ་བའི་འཕེལ་རྒྱས་དང་ཐུན་མོང་གི་དོ་སྣང་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་གནང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་སུ་གཏང་བ་དང་གནམ་གཤིས་འགྱུར་ལྡོག་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན། མཉམ་དུ་འཛམ་གླིང་ཞི་བདེ་གཏན་འཇགས་ལ་འགན་སྲུང་དང་འཛམ་གླིང་དཔལ་འབྱོར་བརྟན་བརླིང་ངང་འཕེལ་བར་སྐུལ་འདེད་གཏང་བར་མོས་མཐུན་བྱུང་།

  ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་གནས་བབ་འོག་ཀྲུང་གོ་དང་ཨ་རིའི་རྣམ་པ་གསར་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་པའི་ཡང་དག་ལངས་ཕྱོགས་ཁོང་དུ་ཆུད་པ་བྱས་ཏེ་འགལ་རྐྱེན་མེད་པ་དང་ཕན་ཚུན་ལ་བརྩི་འཇོག་བྱེད་པ། མཉམ་འབྲེལ་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཐོག་ཕྱོགས་གཉིས་དང་ས་ཁུལ། འཛམ་གླིང་གི་རིམ་པ་སོ་སོར་རྒྱལ་ཁབ་གཉིས་ཀྱི་དངོས་དོན་མཉམ་འབྲེལ་ལ་སྐུལ་འདེད་གཏང་དགོས། དེ་མཚུངས་སུ་འཛུགས་བསྐྲུན་རང་བཞིན་གྱི་རྣམ་པས་འགལ་བ་དང་ཚོར་སྐྱེན་གནད་དོན་ལ་དོ་དམ་དང་ཚོད་འཛིན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ། དེ་མིན་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་ལ་འགན་སྲུང་བྱ་དགོས། ཕྱོགས་གཉིས་ཀྱི་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་རང་བཞིན་གྱི་བརྗེ་རེས་ལ་འཆར་འགོད་ལེགས་པོ་བཟོས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་ལོན་པར་བརྩོན་དགོས། དེང་སྐབས་ཀྱི་འཛམ་གླིང་དཔལ་འབྱོར་བསྐྱར་གསོན་སྟོབས་ཞན་གྱི་གནས་ཚུལ་འོག་རྒྱལ་ཁབ་སོ་སོས་བརྟན་བརླིང་འཕེལ་རྒྱས་ལ་མཐོང་ཆེན་དང་བཟོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ། སྒོ་འབྱེད་དང་མངོན་གསལ། དཀྱེལ་ཡངས་ཀྱི་ཕྱོགས་མང་སྲིད་ཇུས་ལ་འགན་སྲུང་བྱ་དགོས། ཕྱོགས་གཉིས་ཀྱིས་སྤི་སྣང་དཔལ་འབྱོར་སྲིད་ཇུས་ལ་ཤུགས་སྣོན་དང་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་གཞི་ཁྲོད་མཐུན་སྦྱོར་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དངུལ་འཇོག་ལ་དྲང་བདེན་གྱི་འགྲན་རྩོད་བྱེད་པའི་ཁོར་ཡུག་ཅིག་འདོན་སྤྲོད་བྱ་དགོས། དེང་སྐབས་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བོས་ཀྲུང་གོ་དང་ཨ་རིས་འཐབ་ཇུས་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་གཙོ་བོ་དག་འོས་འཚམས་སྒོས་ཐག་གཅོད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་བསྟན།

  ཨོ་པཱ་མས་དེང་གི་གནས་བབ་འོག་ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་རྒྱུན་ཆད་མེད་པར་གོང་འཕེལ་དུ་འགྲོ་བཞིན་འདུག ཕྱོགས་གཉིས་ཀྱི་ཁྱབ་ཁོངས་མང་པོའི་ནང་འོས་སྟུན་དང་མཉམ་འབྲེལ་བྱེད་རྒྱུ་གལ་ཆེ། ཨ་རིའི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་འཐབ་ཇུས་དང་དཔལ་འབྱོར་བརྗེ་རེས། དམག་དཔུང་བར་གྱི་བགྲོ་གླེང་སོགས་བརྒྱུད་དེ་ཕྱོགས་གཉིས་ཀྱི་མཉམ་འབྲེལ་དང་རྒྱལ་སྤྱིའི་བདེ་འཇགས། སྤྱི་སྣང་དཔལ་འབྱོར། གནམ་གཤིས་འགྱུར་ལྡོག་དང་དེ་མིན་གནད་དོན་གལ་ཆེན་ཐད་ནས་འབྲེལ་འདྲེས་རྒྱུན་འཁྱོངས་བྱ་འདོད། འདི་ནི་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན་པར་མ་ཟད་འཛམ་གླིང་སྤྱི་ཚོགས་ཀྱི་ཁེ་ཕན་དང་ཡང་མཐུན་པ་རེད། ཨ་རི་དང་ཀྲུང་གོས་གོམ་གང་མདུན་སྤོས་སྒོས་འཛམ་གླིང་རང་བཞིན་གྱི་གནད་དོན་ཐད་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱེད་པ་དེ་འཛམ་གླིང་ལ་ཕན་པ་ཆེན་པོ་ཡོད་ངེས། ཨ་རིའི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་འཛུགས་སྐྲུན་རང་བཞིན་གྱི་ཐབས་ལམ་སྤྱད་དེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱ་འདོད། དེ་མིན་ཨ་རིའི་ཕྱོགས་ནས་འགྲམ་ངོགས་གཉིས་ཀྱི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་དགའ་སྤྲོ་་སྐྱེས་བཞིན་ཡོད་ལ། ཨ་རིའི་ཕྱོགས་ནས་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་གཏིང་ཟབ་ཏུ་ཕྱིན་པར་རེ་བ་ཆེན་པོ་ཡོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1