ཞི་ཅིན་ཕིང་གིས་བྷ་རེ་ཟེ་སྲིད་འཛིན་ལོའོ་སེ་ཧྥུའུ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-02


  སྤྱི་ཟླ་11པའི་ཚེས30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕེ་རིས་ནས་བྷ་རེ་ཟེ་སྲིད་འཛིན་ལོའོ་སེ་ཧྥུའུ་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་བྷ་རེ་ཟེ་ནི་མཉམ་འབྲེལ་དང་འཕེལ་རྒྱས་ཀྱི་གྲོགས་པོ་བཟང་པོ་ཡིན། ཀྲུང་གོའི་ཕྱོགས་ནས་བྷ་རེ་ཟེ་དང་མཉམ་དུ་རྒྱུན་ཆད་མེད་པར་ཆབ་སྲིད་དང་འཐབ་ཇུས་ཡིད་ཆེས་གཏིང་ཟབ་ཏུ་སྤེལ་ནས་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་བརྗེ་རེས་ལ་སྐུལ་འདེད་གཏང་སྟེ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་གཏང་འདོད། ཕྱོགས་གཉིས་ཀྱིས་ནུས་ཁོངས་ཐོན་ཁོངས་དང་ཞིང་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། བཟོ་ལས་ལས་རིགས་སོགས་ཁྱབ་ཁོངས་ཀྱི་ཐོན་ལས་དངུལ་འཇོག་མཉམ་འབྲེལ་བྱས་ཏེ་ཕྱོགས་གཉིས་ཀྱི་བཟོ་ཚོང་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། དེ་མིན་ཕྱོགས་གཉིས་ཀྱིས་འོས་བསྟུན་སྙོམས་སྒྲིག་ལ་ཤུགས་སྣོན་དང་རང་སོ་སོའི་ཁྱད་ཆོས་དང་ཤུགས་རྐྱེན་འདོན་སྤེལ་བྱས་ཏེ་ཕེ་རིས་སུ་འཚོགས་པའི་གནམ་གཤིས་འགྱུར་ལྡོག་དེ་ཕྱོགས་ཡོངས་དང་དོ་མཉམ། ཤུགས་ཆེ་བ། ཚོད་འཛིན་ཆེ་བའི་གྲུབ་འབྲས་ལོན་པར་འབད་པ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་དང་ཁེ་ཕན་ལ་འགན་སྲུང་བྱ་དགོས་ཞེས་བསྟན།

  ལོའོ་སེ་ཧྥུའུ་ཡིས་ང་རང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བྷ་རེ་ཟེ་དང་ཀྲུང་གོ་གཉིས་ཀྱི་འབྲེལ་བར་གདེང་འཇོག་མཛད་པར་ཧ་ཅང་མོས་འཐད་ཡོད། རྒྱལ་ཁབ་གཉིས་ཀྱི་འགྲིམ་འགྲུལ་དང་མཚོ་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལས་གཞི་གཙོ་བོར་གྲུབ་འབྲས་བཟང་བོ་ཐོབ་པར་དགའ་སྤྲོ་སྐྱེས་ཡོད། ཕྱོགས་གཉིས་ཀྱིས་ད་རུང་ཞིང་ལས་དང་དངོས་སྐྱེལ་ཐད་ཀྱི་མཉམ་ལས་རྒྱ་བསྐྱེད་ཆོག ཉེ་བའི་ལོ་འགའི་རིང་ལ། བྷ་རེ་ཟེ་དང་ཀྲུང་གོ་གཉིས་ཀྱིས་ཕྱོགས་མང་ལམ་ལུགས་ཀྱི་སྤྱི་ཁོག་དང་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཁྲོད་འོས་བསྟུན་དང་རོགས་འདེགས་བྱེད་བཞིན་ཡོད། བྷ་རེ་ཟེ་ཕྱོགས་ཀྱིས་འབད་པ་ཆེན་པོས་ཀྲུང་གོས་གཙོ་སྒྲུབ་བྱེད་རྒྱུ་ཡིན་པའི་2016ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་རྒྱབ་སྐྱོར་བྱ་ངེས། བྷ་རེ་ཟེ་ཡི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་ཕེ་རིས་ནས་འཚོགས་པའི་གནམ་གཤིས་འགྱུར་ལྡོག་དུས་སྐབས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་ཕྱོགས་སོ་སོའི་ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འོས་འགན་སོགས་ཀྱི་རྩ་དོན་ལྟར་རྒྱལ་སྤྱིའི་འབྲེལ་བ་དོ་མཉམ་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏང་འདོད་ཅེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1