ཞི་ཅིན་ཕིང་གིས་ཝེད་ནམ་རྒྱལ་ཁབ་ཀྱི་རྒྱལ་ཚོགས་ཀྲུའུ་ཞི་རོན་ཧྲིན་ཞུང་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-25


  སྤྱི་ཟླ་12པའི་ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཝེད་ནམ་རྒྱལ་ཁབ་ཀྱི་རྒྱལ་ཚོགས་ཀྲུའུ་ཞི་རོན་ཧྲིན་ཞུང་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ཝེད་ནམ་རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་ཏེ་ལོ་འཁོར་65ལོན་པའི་ལོ་རེད། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་པའི་འོག་ཀྲུང་གོ་དང་ཝེད་ནམ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་ལེགས། ངས་ཝེད་ནམ་ལ་འཚམས་འདྲི་བྱེད་པའི་སྐབས་སུ་ཝེད་ནམ་རྒྱལ་ཁབ་ཀྱི་དབུ་ཁྲིད་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས་ཏེ་ཀྲུང་གོ་དང་ཝེད་ནམ་གཉིས་ཀྱི་ཐུན་མོང་གི་ལས་དབང་འཛུགས་སྐྲུན་དང་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིར་སྐུལ་འདེད། བར་ཁྱམས་གཉིས་དང་སྐོར་ཁྱམས་གཅིག་གི་ཐབས་ཇུས་སྦྲེལ་མཐུད་སོགས་ཀྱི་ཐད་ལ་ཐུན་མོང་གི་ངོས་འཛིན་བྱུང་། གཙོ་བོ་གཤམ་གསལ་གྱི་གནད་གཙོ་བོ་གསུམ་དམིགས་སུ་འཛིན་དགོས་ཏེ། དང་པོ། ཀྲུང་གོ་དང་ཝེད་ནམ་གཉིས་ཀྱི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་གཏང་བ། གཉིས་པ། ཕྱོགས་གཉིས་ཀྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏང་བ། གསུམ་པ། ཕྱོགས་གཉིས་ཀྱི་འགལ་བ་འོས་མཐུན་སྒོས་ཐག་གཅོད་བྱ་དགོས་ཞེས་བསྟན།

  རོན་ཧྲིན་ཞུང་གིས་ཝེད་ནམ་གྱི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱིས་ཝེད་ནམ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་མགོ་ཁྲིད་འོག་གྲུབ་འབྲས་ཆེན་པོ་བླངས་པར་རྟེན་འབྲེལ་ཞུས་པ་ཡིན། ཝེད་ནམ་དང་ཀྲུང་གོའི་མཛའ་འབྲེལ་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་མ་ཟད། ས་གནས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལའང་ཕན་པ་ཆེན་པོ་ལྡན ཝེད་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ལྟ་ཚུལ་ལག་བསྟར་བྱས་ཏེ། ཆབ་སྲིད་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏང་བ་དང་དཔལ་འབྱོར་དང་མི་ཆོས། རྒྱལ་སྲུང་། ས་གནས་སོགས་མངའ་ཁོངས་ཀྱི་དངོས་དོན་མཉམ་འབྲེལ་རྒྱ་བསྐྱེད་ཅིང་སྣ་མང་ཚོགས་རའི་མཐུན་སྦྱོར་གཞོགས་འདེགས་དང་ཕན་ཚུན་རྒྱབ་སྐྱོར་ལ་ཤུགས་བསྣན་བྱས་ཏེ་ཝེད་ནམ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏང་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1