༄༅།། ལོ་ལོན་ཚོས་གཉིད་སྨན་འཐུང་སྐབས་ཀྱི་གཟབ་བྱ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-05


    གཉིད་ཡེར་བའི་ནད་ཕོག་པའི་ལོ་ལོན་དང་ལྷག་པར་དུ་ཀླད་པའི་ངལ་རྩོལ་བྱེད་མཁན་གྱི་ལོ་ལོན་ཚོས་གཉིད་མི་ཁུག་པའི་སྐབས་གཉིད་སྨན་འོས་འཚམ་འཐུང་ན་འགྲིག་ཀྱང་ཡུན་རིང་གཉིད་སྨན་འཐུང་བའམ་གཉིད་སྨན་འཐུང་བའི་ཚད་གཞི་ལུགས་མཐུན་མིན་ཚེ་སྨན་རྫས་ལ་དབྱིངས་ཞུགས་པའི་སྣང་ཚུལ་འབྱུང་སྲིད། གལ་ཏེ་གློ་བུར་དུ་གཉིད་སྨན་འཐུང་མཚམས་བཞག་ན་བསམ་བློ་གཡེང་བ་དང་ཟས་ལ་ཞེན་ཁ་ལོག་པ།  ལུས་པོ་འདར་བ་སོགས་སྣང་ཚུལ་འབྱུང་བཞིན་ཡོད། དེར་བརྟེན་ལོ་ལོན་རྣམས་ཀྱིས་གཉིད་སྨན་འཐུང་བར་དོ་སྣང་བྱ་དགོས།

    གཉིད་སྨན་འཐུང་སྐབས་གཤམ་གྱི་དོན་ཚན་འགའ་ལ་ཡིད་འཇོག་བྱ་དགོས་སྟེ།
གཅིག སྤྱིར་བཏང་དུ་གཉིད་ཡག་པོ་མི་ཁུག་པའི་ལོ་ལོན་ཚོས་འཚོ་བར་དོ་སྣང་དང་  ལུས་རྩལ་སྦྱོང་བརྡར་སོགས་ལ་བརྟེན་ནས་གཉིད་ཁུག་ཐབས་བྱེད་དགོས། གལ་ཏེ་དགོས་ངེས་ཀྱི་སྨན་འཐུང་དགོས་ཚེ་ཨན་ཏེན་དང་ཞོ་ཅི་ཨན་ཏེན། ཧྥུའུ་ཨན་ཏེན་སོགས་ལོ་ལོན་ལ་འཕྲོད་པའི་སྨན་འཐུང་དགོས། དབྱིངས་ཞུགས་སླ་བའི་སྨན་རྫས་སྟེ་དཔེར་ན་སུའུ་ཁེ་མན་དང་མའོ་པ་པིས་ཐོ་ན་སོགས་ལོ་ལོན་གྱིས་རབ་ཡིན་ན་མ་འཐུང་ན་བཟང་།
གཉིས། གཉིད་སྨན་སྣ་ཁ་མང་པོ་ཕྱོགས་གཅིག་ལ་སྡེབ་ནས་འཐུང་མི་རུང་བ་དང་སྨན་འཐུང་བའི་དུས་ཚོད་རབ་ཡིན་ན་གཉིད་མ་ཉལ་བའི་གོང་གི་སྐར་མ་བཅོ་ལྔ་ནས་སུམ་ཅུ་བར་ཡིན་ན་བཟང་། གལ་ཏེ་མཚན་གུང་དུ་གཉིད་སད་ནས་སྨན་འཐུང་དགོས་ཚེ་དུས་ཐུང་ལ་ཕན་ནུས་ཐོན་པའི་གཉིད་སྨན་འཐུང་དགོས། 
གསུམ། དུས་ཚོད་རིང་པོར་གཉིད་སྨན་འཐུང་དགོས་པའི་ལོ་ལོན་ཚོས་སྨན་འཐུང་    མཚམས་འཇོག་དགོས་ཚེ་རིམ་པ་རིམ་པ་བྱས་ནས་སྨན་གྱི་ཚད་གཞི་ཇེ་ཉུང་དུ་གཏོང་དགོས་པ་ལས་མྱུར་དུ་སྨན་འཐུང་མཚམས་འཇོག་མི་རུང་། དེ་ལྟར་བྱས་ན་སྨན་འཐུང་མཚམས་བཞག་པའི་རྟགས་འདུས་ནད་ཕོག་སྲིད།
བཞི། གཉིད་སྨན་འཐུང་སྐབས་ཆང་འཐུང་མི་རུང་། དེའི་རྒྱུ་མཚན་ནི་ཆང་བཅུད་ཀྱིས་དབང་རྩའི་འགུལ་སྐྱོད་ལ་གནོད་པ་བཟོ་བས་ཡིན། གཞན་ཡང་མཆིན་པ་དང་མཁལ་མར་སྐྱོན་ཡོད་པའམ་རིག་སྟོབས་ཉམས་པའི་ལོ་ལོན་ཚོས་གཉིད་སྨན་འཐུང་བར་གཟབ་གཟབ་བྱེད་དགོས། ནམ་རྒྱུན་གཉིད་སྨན་རིགས་ལ་དོ་དམ་བཟང་པོ་བྱེད་དགོས་པ་མ་ཟད། སྨན་གྲངས་རྩིས་བརྒྱབ་ནས་འཐུང་བ་སོགས་གཉིད་སྨན་འཐུང་བ་མང་དྲགས་པའམ་ཡང་ན་འཐུང་ནོར་བྱུང་བ་ལས་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ངན་པ་འབྱུང་བར་གཡོལ་དགོས།།
                                      
                             


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1