ལི་ཁེ་ཆང་གིས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་གནད་དོན་གྱི་རྒྱ་གར་ཕྱོགས་ཀྱི་དམིགས་བསལ་འཐུས་མི། རྒྱ་གར་གྱི་རྒྱལ་ཁབ་བདེ་འཇགས་བློ་འདོན་པ་ཏོ་ཝར་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-22


  སྤྱི་ཟླ་4པའི་ཚེས་22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་གནད་དོན་གྱི་རྒྱ་གར་ཕྱོགས་ཀྱི་དམིགས་བསལ་འཐུས་མི། རྒྱ་གར་རྒྱལ་ཁབ་བདེ་འཇགས་བློ་འདོན་པ་ཏོ་ཝར་དང་མཇལ་འཕྲད་གནང་། 
  ལི་ཁེ་ཆང་གིས་ཀྲུང་གོ་དང་རྒྱ་གར་མཐའ་མཚམས་གནད་དོན་གྱི་རྒྱ་གར་ཕྱོགས་ཀྱི་དམིགས་བསལ་འཐུས་མིའི་མཇལ་འཕྲད་འགོ་ཚུགས་པས་ནས་བཟུང་ཕྱོགས་གཉིས་ཀྱི་ཡིད་ཆེས་གོང་འཕེལ་དང་ཐུན་མོང་གི་ངོས་འཛིན་རྒྱ་སྐྱེད་པའི་ཐད་ལ་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་ཐོན་པ་རེད། ང་ཚོས་མུ་མཐུད་དུ་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་བའི་ཕྱོགས་ཡོངས་ལ་གཞིགས་ནས་ཕྱི་འབྲེལ་གྱི་བརྒྱུད་ལམ་དང་ཞི་བའི་ཐབས་ལམ་སྤྱད་དེ་འོས་མཐུན་གྱིས་མཐའ་མཚམས་གནད་དོན་ཐག་གཅོད་བྱ་དགོས། དྲང་བདེན་ལུགས་མཐུན་དང་ཕྱོགས་གཉིས་ཀྱིས་དང་ལེན་བྱེད་ཐུབ་པའི་ཐབས་ལམ་མ་རྙེད་པའི་སྔོན་དུ་ངེས་པར་དུ་འགལ་བ་དོ་དམ་དང་ཚོད་འཛིན་བྱས་ཏེ་མཉམ་དུ་འབད་པ་ཆེན་པོས་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་འགན་སྲུང་བྱ་དགོས། འདིས་ཀྱང་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་བར་སྔོན་དཔོག་བརྟན་པོ་ཞིག་འདོན་སྤྲོད་བྱ་ངེས་ཞེས་བསྟན། 
  ཏོ་ཝར་གྱིས་རྒྱ་གར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། རྒྱལ་ཁབ་གཉིས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲན་རྩོད་ལ་ཁ་གཏོད་དགོས་པར་མ་ཟད་མཉམ་ལས་སྤེལ་བའི་གོ་སྐབས་ཆེན་པོ་ཡོད་པ་རེད། རྒྱ་གར་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་མཐོ་རིམ་གྱི་འགྲོ་འོང་ལ་ཤུགས་སྣོན་དང་དཔལ་འབྱོར་དང་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། འོས་མཐུན་གྱིས་མཐའ་མཚམས་གནད་དོན་ཐག་གཅོད་ལེགས་པོ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་ཆེན་པོ་ཕྱིན་པར་སྐུལ་འདེད་གཏང་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1