༄༅།། བོད་ཀྱི་མིང་བརྡ་རིག་པའི་སྐོར་ནས་ཅུང་ཙམ་བཤད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-11



དང་པོ། མིང་གི་བྱུང་ཚུལ།

    གནའ་སྔ་མོ་སྔ་མོར་མི་རྣམས་ལ་ཤེས་བྱ་དང་རིག་གནས་གང་ཡང་མེད་པའི་རྐྱེན་གྱིས་འཇིག་རྟེན་གྱི་བྱ་དངོས་རྣམས་ལའང་མིང་མེད་ལ་མཚན་ཉིད་ཀྱང་མེད་པ་རེད། ཕྱིས་སུ་མི་རྣམས་ཀྱིས་རང་བྱུང་ཁམས་ལ་སྒྱུར་བཀོད་བྱེད་པའི་བྱ་རིམ་ཁྲོད་ནས་གཅིག་གིས་གཅིག་ལ་བརྩེ་དུང་གི་རྣམ་འགྱུར་སྟོན་པའམ་ཡང་ན་རང་བྱུང་གི་གནོད་འཚེ་དང་གཅན་གཏུམ་པོ་སྟག་གཟིག་ལ་སོགས་པ་འཕྲད་དུས་ཕན་ཚུན་སྲོག་སྐྱོབ་རོགས་ཞེས་མི་བཤད་ཐབས་མེད་ཀྱི་གནས་སུ་གྱུར་ནས་སྐད་ཆ་བྱུང་། སྐད་ཆ་བྱུང་བ་དེས་གདོད་མའི་མི་རྣམས་རྩ་བའི་ཆ་ནས་མིར་གྱུར་བ་མཚོན་ཡོད། སྐད་ཆ་མང་དུ་སོང་བ་བསྟུན་ནས་རིམ་བཞིན་འཇིག་རྟེན་གྱི་བྱ་དངོས་དག་ལ་མིང་འདོགས་མགོ་བརྩམས་པ་རེད། དེ་ལྟར་ཀ་བ་དང་བུམ་པ། ཉི་མ། ཟླ་བ། རི་བོ། ཆུ་བོ་ལ་སོགས་ཀྱི་འདོད་རྒྱལ་ཀྱི་མིང་རྣམས་བྱུང་། ཧ་ལམ་གདོད་མའི་སྤྱི་ཚོགས་ཀྱི་དུས་དཀྱིལ་དུ་མི་རྣམས་ཀྱིས་རུས་པའི་ཁབ་དང་རྡོ་ཡི་ལག་ཆ། ཤིང་གི་མདའ་ལ་སོགས་པ་བཟོ་ཤེས་པ་མ་ཟད། གསོན་མེ་ལེན་ཐབས་ཡང་ཤེས་ཡོད་པ་རེད། རུབ་ཁབ་དང་རྡོ་བཟོ། གསོན་མེ་བཅས་ནི་མིའི་རིགས་ཀྱི་ཆེས་སྔ་བའི་རྗེས་གྲུབ་ཀྱི་མིང་ཡིན་ལ། ཕྱིས་སུ་རིམ་བཞིན་མིའི་རིགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་བྱུང་བ་བསྟུན་ནས་བཟོ་པ་དང་ཞིང་པ་འབྲོག་པ་ལ་སོགས་པའི་ལས་རིགས་མི་གཅིག་པའི་མི་སྣ་མང་པོ་བྱུང་། མི་སྣ་དེ་དག་ལ་བརྟེན་ནས་བཟོ་པ་དང་ཞིང་པ། འབྲོག་པ། མགར་པ་ལ་སོགས་པའི་རྗེས་གྲུབ་ཀྱི་མིང་གི་ཐ་སྙད་རྣམས་རིམ་བཞིན་བྱུང་བ་ཞིག་རེད། རྗེས་གྲུབ་ཀྱི་མིང་བྱུང་བ་ཡིས་བོད་ཀྱི་མིང་ཚིག་གི་ཐ་སྙད་རིམ་པ་ཅན་དུ་འཕེར་བ་མཚོན། ལས་རིགས་མི་གཅིག་པའི་མི་སྣ་མང་དུ་སོང་བས་མིའི་རིགས་ཀྱི་སྤྱི་ཚོགས་སུ་ཤིང་བཟོ་དང་ལྕགས་བཟོ། རྡོ་བཟོ་ལ་སོགས་པའི་མིང་ཚིག་རྣམས་བྱུང་བ་དང་། ཞིང་ལས་ལས་རིགས་འཕེལ་རྒྱས་སོང་བའི་རྐྱེན་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་སུ་གྲོ་ཕྱེ་དང་ནས་ཕྱེ། སྲམ་ཕྱེ་ལ་སོགས་པའི་ཕྱེ་རིགས་སྣ་མང་གི་མིང་ཚིག་རྣམས་བྱུང་།འབྲོག་ལས་འཕེལ་རྒྱས་བྱུང་ལས་ནོར་ཤ་དང་ལུག་ཤ།ར་ཤ་ལ་སོགས་པའི་ཤ་རིགས་ཀྱི་ཐ་སྙད་མང་པོ་བྱུང་མ་ཟད།ཐག་བཟོ་དང་སྦྲ་བཟོ།གོས་བཟོ་ལ་སོགས་པའི་འབྲོག་པའི་ལས་རིགས་ཀྱི་མིང་བརྡ་རྣམས་ཀྱང་བྱུང་བ་རེད།དེ་ལྟར་མིའི་རིགས་ཀྱི་སྤྱི་ཚོགས་སུ་ཤིང་བཟོ་དང་རྡོ་བཟོ་ལྕགས་བཟོ་ལ་སོགས་པའི་རྗེས་གྲུབ་མིང་མཐའ་ཡས་ཤིང་རྫོགས་དུ་མེད་པ་ཞིག་བྱུང་བ་རེད། དེ་ལ་བརྟེན་ནས་མིང་གི་མངོན་བརྗོད་དང་གྲངས་ཀྱི་མངོན་བརྗོད་ལ་སོགས་པའི་མིང་གི་ཐ་སྙད་མང་པོ་བྱུང་། དེ་ལྟར་སྐད་ཆ་ལ་བརྟེན་ནས་མིང་དང་མིང་ལ་བརྟེན་འདོད་རྒྱལ་གྱི་མིང་དང་འདོད་རྒྱལ་གྱི་མིང་ལ་བརྟེན་ནས་རྗེས་གྲུབ་ཀྱི་མིང་དང་རྗེས་གྲུབ་ཀྱི་མིང་ལ་བརྟེན་ནས་མངོན་བརྗོད་ལ་སོགས་པའི་མིང་གི་རིམ་པ་རྣམས་བྱུང་། འདོད་རྒྱལ་དང་རྗེས་གྲུབ། མངོན་བརྗོད་ལ་སོགས་པའི་མིང་བརྡའི་ཐ་སྙད་ལ་རིམ་པ་དབྱེ་བ་ཡིས་ང་ཚོ་བོད་ཀྱི་སྐད་ཆ་འཕེལ་རྒྱས་ཕྱིན་པ་མཚོན་ཡོད་པ་མ་ཟད། སྐད་ཡིག་འཕེལ་རྒྱས་སོང་བའང་མཚོན་ཡོད་པ་རེད།

གཉིས་པ། འདོད་རྒྱལ་གྱི་མིང་བཤད་པ།

    དེ་ཡང་འདྲ་འབྲེལ་དང་རྒྱུ་མཚན་སོགས་གང་ཡང་མེད་པར་རང་རང་གི་འདོད་པ་ལྟར་དུ་བཏགས་པའི་མིང་ལ་འདོད་རྒྱལ་གྱི་མིང་ཞེས་ཟེར་བ་དང་འདོད་རྒྱལ་གྱི་མིང་དང་མིང་གི་རྩ་བ་གཉིས་དོན་དོན་གཅིག་ཡིན་པ་རེད། དེ་ཡང་ཀ་བ་དང་བུམ་པ། མི། རྟ། ནོར། ལུག། ཉི་མ། ཟླ་བ། སྐར་མ་ལ་སོགས་པ་ནི་རྗེས་གྲུབ་ཀྱི་མིང་འགྲུབ་བྱེད་ཀྱི་རྩ་བ་ལྟ་བུ་ཡིན་ལ་དེ་དག་ལ་བརྟེན་ནས་ཀ་བའི་རིང་ཐུང་དང་གསེར་གྱི་བུམ་པ། མི་ཡི་སྐད་ཆ་ལ་སོགས་པའི་རྗེས་གྲུབ་ཀྱི་མིང་རྣམས་བྱུང་བ་ཞིག་ཡིན་ལ་རྗེས་གྲུབ་ཀྱི་མིང་གི་རྩ་བ་ལྟ་བུར་གནས་པའི་འདོད་རྒྱལ་གྱི་མིང་དེ་དག་ལ་མིང་ཚིག་རང་ཉིད་ཀྱི་ངོས་ནས་དེའི་ནུས་པ་དང་དབྱིབས་གཟུགས་སོགས་རྟོགས་པར་མི་འགྱུར་ལ་དེ་དག་གི་གོ་དོན་ཀློག་པ་ཙམ་གྱིས་དེ་དག་གི་ནུས་པ་དང་དབྱིབས་ལ་སོགས་པ་རྟོགས་པར་འགྱུར་བ་ཡིན་ཏེ་དཔེར་ན་མི་ཞེས་ཡིག་འབྲུ་གཅིག་པོ་འདི་ཐེངས་མང་བཀླག་ཀྱང་མིང་ཚིག་རང་ངོས་ནས་གོ་བ་ལེན་རྒྱུ་མེད་ལ། དེའི་མཚན་ཉིད་སྨྲ་ཤེས་དོན་གོ་བ་བཀླག་མ་ཐག་དེའི་ནུས་པ་རང་བཞིན་གྱིས་ཤེས་ཡོང་བ་དང་དེ་བཞིན་དུ་ཆུ་དང་མེ། རླུང་ལ་སོགས་པ་ལའང་མཚན་ཉིད་མ་ཀློག་ན་མིང་ཚིག་རང་རང་གི་ངོས་ནས་དེ་དག་གི་ནུས་པ་དང་གཟུགས་དབྱིབས་སོགས་རྟོགས་མི་ཐུབ། དེ་ལྟ་བུའི་མིང་ཚིག་རང་ངོས་གོ་བ་ལེན་མི་ཐུབ་པའི་མིང་མཐའ་ཡས་ཤིང་རྫོགས་ཏུ་མེད་པ་ཞིག་ཡོད་ལ་དེ་དག་ཐམས་ཀྱང་མིང་ཚིག་རང་རང་གི་ངོས་ནས་དེ་དག་གི་མིང་གི་བཏགས་དོན་དང་རྒྱུ་མཚན་སོགས་གང་ཡང་བཤད་རྒྱུ་མེད། དེ་ལྟར་མིང་རང་ངོས་ནས་གོ་བ་ལེན་རྒྱུ་མེད་པའི་མིང་ཚིག་མཐའ་ཡས་ཤིང་རྫོགས་ཏུ་མེད་པའི་མིང་ཚིག་ཚང་མ་ནི་འདོད་རྒྱལ་གྱི་མིང་ཡིན་པ་རེད། འདོད་རྒྱལ་གྱི་མིང་ཡོད་ཚད་ལ་མིང་གི་བཏགས་དོན་མེད་མོད།འོན་མཚན་ཉིད་ཡོད་པ་རེད། མཚན་ཉིད་ཡོད་པ་ཚང་མ་ལ་མིང་ཡིན་ལ་མིང་ཡོད་པ་ཐམས་ཅད་ལའང་མཚན་ཉིད་ཀྱང་ཡོད་པ་སྟེ་མི་ལ་མིའི་མཚན་ཉིད་དང་བྱ་ལ་བྱའི་མཚན་ཉིད་ཡོད་ལ། ཁྱི་ལ་ཁྱིའི་མཚན་ཉིད། རྟ་ལ་རྟའི་མཚན། ཤིང་ལ་ཤིང་གི་མཚན་ཉིད། ཉ་ལ་ཉའི་མཚན་ཉིད། ཆུ་ལ་ཆུའི་མཚན་ཉིད། རླུང་ལ་རླུང་གི་མཚན་ཉིད། མེ་ལ་མེའི་མཚན་ཉིད། ནམ་མཁའ་ལ་ནམ་མཁའི་མཚན་ཉིད། ལྕགས་ལ་ལྕགས་ཀྱི་མཚན་ཉིད། ཟངས་ལ་ཟངས་ཀྱི་མཚན་ཉིད་ལ་སོགས་ཡོད་པ་རེད། དེ་ལྟར་འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་ལ་རང་རང་གི་མཚོན་བྱའི་མིང་ཡོད་ལ་མཚན་ཉིད་ཀྱང་ཡོད་པ་སྟེ་དངོས་གར་མཚན་ཉིད་དང་མཚན་ཉིད་གར་དངོས་པོའི་ཁྱབ་པ་དང་དངོས་པོ་གར་ཡོད་མིང་གི་ཁྱབ་པ་ཞིག་ཀྱང་རེད། ཡིན་ནའང་དོན་གཅིག་པའི་རྗེས་གྲུབ་ཀྱི་མིང་རྣམས་ལ་མཚན་ཉིད་གཅིག་བཞག་ན་མི་འགྲིག རྒྱུ་མཚན་ནི་དོན་གཅིག་པའི་རྗེས་གྲུབ་མིང་རྣམས་ལ་རང་རང་གི་མིང་གི་བཏགས་དོན་དང་རྒྱུ་མཚན་སོགས་བཤད་རྒྱུ་ཡོད་པ་རེད།

གསུམ་པ། རྗེས་གྲུབ་ཀྱི་མིང་བཤད་པ།

    དེ་ཡང་ཀ་བ་དང་བུམ་པ་གསེར་དངུལ་ཟངས་ལྕགས་ལ་སོགས་ཀྱི་མཇུག་ཏུ་རིམ་པ་བཞིན་དུ་རྡོ་དང་རྡུལ་གདུབ་ཕོར་དུང་རྟ་ལ་སོགས་པ་བསྣན་ན་ཀ་རྡོ་དང་བུམ་རྡུལ་གསེར་གདུབ་དངུལ་ཕོར་ཟངས་དུང་ལྕགས་རྟ་སོགས་སུ་འགྱུར་བ་དང་དེ་བཞིན་དུ་ས་ཆུ་མེ་རླུང་ལ་སོགས་ཀྱི་མཇུག་ཏུའང་སྟེང་དང་ནང་འོག་གསེང་སོགས་རིམ་པར་སྦྱར་པའི་ས་སྟེང་དང་ཆུ་ནང་མེ་འོག་རླུང་གསེང་སོགས་སུ་འགྱུར་བ་ཡིན། དེ་ལྟ་བུའི་མིང་མཐའ་ཡས་ཤིང་རྫོགས་ཏུ་མེད་པའི་མིང་ཚིག་མང་པོ་ཞིག་གི་རྩ་བ་ནི་འདོད་རྒྱལ་གྱི་མིང་ཡིན་ལ་འདོད་རྒྱལ་གྱི་མིང་རྩ་བ་བྱས་ནས་གྲུབ་ཡོད་པའི་མིང་རྣམས་ལ་རྗེས་གྲུབ་ཀྱི་མིང་ཞེས་ཟེར་བ་ཡིན་ལ། རྗེས་གྲུབ་ཀྱི་མིང་དང་མིང་གི་ཡལ་འདབ་གཉིས་ནི་དོན་གཅིག་ཡིན། དེའང་རྩོམ་པ་པོ་དང་གསོད་པ་པོ་སྟོན་པ་པོ་ལ་སོགས་པའི་བདག་པ་སྟོན་པའི་མིང་དང་སྟེང་འོག་དང་ཡར་མར་ཕར་ཚུར་གྱེན་ཐུར་ལ་སོགས་པའི་རྒྱན་ཚིག་སྟོན་པའི་མིང་དང་གྲོ་ཕྱེ་དང་ལུག་ཤ་གསེར་གདུབ་ལ་སོགས་པའི་བྱ་དངོས་སྟོན་པའི་མིང་། ས་སྐྱོང་དང་མི་དབང་ལ་སོགས་པའི་མངོན་བརྗོད་ཀྱི་མིང་ལ་སོགས་དབྱེ་བ་མང་པོ་དབྱེ་འདུག་ལ། དེ་དག་ཐམས་ཅད་འདོད་རྒྱལ་གྱི་མིང་ལ་བརྟེན་ནས་བྱུང་བ་དང་འདོད་རྒྱལ་གྱི་མིང་རྨང་རྐང་བྱས་པའི་མིང་ཡོད་ཚད་ལ་མིང་ཚིག་རང་རང་གི་ངོས་ནས་གོ་བ་ལེན་རྒྱུ་ཡོད་པ་ཞིག་ཡིན་སྟེ་དཔེར་ན་ཤིང་བཟོ་ལྟ་བུ་ལ་མཚོན་ན་ཤིང་བཟོའི་མཚན་ཉིད་མ་བཀླག་ཀྱང་མིང་ཚིག་རང་ངོས་ནས་ཀྱང་ཤིང་ལས་བྱེད་མཁན་ཞིག་ཡིན་པ་ངང་གི་རྟོགས་ཡོང་། དེ་བཞིན་ལྕགས་བཟོ་དང་ཐག་མཁན། གསེར་བུམ། དངུལ་ཕོར། ཟངས་དེམ་ལ་སོགས་པའང་མཚན་ཉིད་མ་ཀློག་ཀྱང་རང་རང་གི་མིང་གི་བཏགས་དོན་གོ་ཡོང་བ་རེད། དེ་ལྟ་བུའི་མིང་ཚིག་རང་རང་གི་ངོས་ནས་གོ་བ་ལེན་ཐུབ་པའི་མིང་ཚིག་ཚང་མ་རྗེས་གྲུབ་གྱི་མིང་ཡིན་ལ། རྗེས་གྲུབ་ཀྱི་མིང་ཡིན་ན་ཡོད་ཚད་འདྲ་འབྲེལ་དང་རྒྱུ་མཚན་གང་རུང་གིས་སྒོ་ནས་བཏགས་པ་ཞིག་རེད། དེ་དག་རེ་རེ་ལ་རང་རང་གི་ངེས་ཚིག་དང་གོ་དོན། མཚན་ཉིད་རེ་རེའང་ཡོད་པ་རེད། དེ་ལྟར་རྗེས་གྲུབ་ཀྱི་མིང་རྣམས་ལ་རང་རང་གི་མིང་གི་བཏགས་དོན་དང་རྒྱུ་མཚན་སོགས་ཡོད་པ་མ་ཟད། མིང་ཚིག་རང་རང་ལ་རང་རང་གི་གོ་དོན་དང་ངེས་ཚིག མཚན་ཉིད་རེའང་ཡོད་པ་རེད། མིང་གི་བཏགས་དོན་ཡོད་པའི་མིང་ཚང་མ་རྗེས་གྲུབ་ཀྱི་མིང་ཡིན་ཕྱིར། མིང་ཚིག་གི་གོ་དོན་མ་བཀླག་ཀྱང་དེའི་མིང་གི་བཏགས་དོན་དང་དེའི་ནུས་པ། རང་བཞིན་ཆོས་ཉིད་གང་རུང་རང་ཤུགས་ཀྱིས་རྟོགས་ཡོང་བ་རེད། རྗེས་གྲུབ་ཀྱི་མིང་རྣམས་ནི་འདོད་རྒྱལ་གྱི་མིང་མང་དུ་འཕེལ་བའི་རྨང་གཞིའི་འོག་ནས་བྱུང་བ་ཞིག་ཡིན་ལརྒྱན་ཚིག་དང་བདག་སྒྲ་མངོན་བརྗོད་ལ་སོགས་པའང་རྗེས་གྲུབ་ཀྱི་མིང་གི་ཁོངས་སུ་གཏོགས་པ་རེད། འདོད་རྒྱལ་གྱི་མིང་ཕུད་གཞན་མིང་བརྡ་ཡོད་ཚད་ཀྱང་རྗེས་གྲུབ་ཀྱི་མིང་ཡིན་ལ། རྗེས་ཀྱི་མིང་ཡོད་ཚད་ལ་རང་རང་གི་མིང་གི་བཏགས་དོན་ཡོད་པས་དོན་གཅིག་ཀྱང་མཚན་ཉིད་མི་འདྲ་བ་རེ་འཇོག་སྲོལ་ཡོད་པ་རེད།

བཞི་བ། དོན་གཅིག་པའི་མིང་བཤད་པ།

    དོན་གཅིག་ཞེས་པ་ནི་མིང་ཚིག་མི་འདྲ་བ་མང་པོའི་དོན་གཅིག་སྟོན་གྱི་ཡོད་པ་ཞིག་ལ་ཟེར་ཏེ་དཔེར་ན་རྒྱལ་བ་དང་བདེ་གཤེགས། ཀུན་མཁྱེན། དཔལ་སྟུག། རྐང་གཉིས་གཙོ། བཅོམ་ལྡན་འདས། སྟོབས་བཅུ་མངའ་བ་ལ་སོགས་པའི་མིང་ཚིག་མང་པོ་ཞིག་གི་དོན་སངས་རྒྱས་སྟོན་ཀྱི་ཡོད་པ་ལྟ་བུའོ། དེ་ལྟ་བུའི་དོན་གཅིག་ལ་མིང་མང་པོ་ཡོད་པ་དེ་དག་རེ་རེ་ལའང་རང་རང་གི་མིང་གི་བཏགས་དོན་དང་གོ་དོན་ཡོད་དེ་དཔེར་ན་ཆུ་འཛིན་ལ་ཆུ་འཛིན་གྱི་མིང་བཏགས་དོན་དང་མཚན་ཉིད་ཡོད་པ་དང་ཚ་ཟེར་འཇོམས་ལ་ཚ་ཟེར་འཛོམས་ཀྱི་བཏགས་དོན་མཚན་ཉིད་ཡོད་པ་དང་ཆུ་ཁུར་ལ་ཆུ་ཁུར་གྱི་མིང་གི་བཏག་དོན་དང་མཚན་ཉིད་དང་མཁའ་གླང་ལ་མཁའ་གླང་གི་མིང་གི་བཏགས་དོན་དང་མཚན་ཉིད་ཡོད་པ་ཞིག་ཡིན་པས་དེ་དག་གི་མཚན་ཉིད་ཉི་འོད་སྒྲིབ་ནུས་ཅིང་ཆུར་འཛིན་པ་གཅིག་པུ་བཞག་ན་མི་འགྲིག དེ་བཞིན་དུ་ལྷ་ལམ་དང་སྤྲིན་ལམ། ཆུ་འཛིན་ལམ། ཀུན་གསལ། ལྷའི་རྫིང་རིང་ལ་སོགས་པའི་མིང་མི་འདྲ་བ་མང་པོ་ཡོད་པ་དེ་དག་ལའང་མཚན་ཉིད་གཅིག་བཞག་ན་མི་འགྲིག དེ་ལྟར་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ལས་གསུངས་བའི་དོན་གཅིག་པའི་མིང་མི་འདྲ་བ་མང་པོ་སྡེ་དང་སྡེ་བྱས་ནས་བཤད་ཡོད་པ་དེ་དག་རེ་རེ་ལའང་རང་རང་གི་མིང་གི་བཏགས་དོན་དང་མཚན་ཉིད་མི་འདྲ་བ་རེ་རེ་ཡོད་པ་རེད། དེ་དག་ལ་རང་རང་སོ་སོའི་མིང་གི་བཏགས་དོན་མི་གཅིག་པའི་རྐྱེན་གྱིས་གོ་དོན་དང་མཚན་ཉིད་ཀྱང་མི་འདྲ་བ་རེ་ཡོད་པ་སྟེ་དཔེར་ན་ཆུ་འཛིན་ནི་བྱེད་ནུས་ཀྱི་ཆ་ནས་བཏགས་པ་དང་དེའི་མཚན་ཉིད་ནི་ཆུ་རྡུལ་འཛིན་ནུས་པ་དང་ཚ་ཟེར་འཇོམས་ཡང་བྱེད་ནུས་ཀྱི་ཆ་ནས་བཏགས་པ་དང་དེའི་མཚན་ཉིད་ནི་ཉི་སྒྲིབ་ཚ་ཟེར་འཇོམས་ནུས་པ་དང་མཁའ་གླང་ནི་འདྲ་བའི་སྒོ་ནས་བཏགས་པ་དང་གོ་དོན་ནི་གླང་ཆེན་ནམ་མཁར་རྒྱུ་བ་དང་འདྲ་བ་དང་ཆུ་ཁུར་ནི་ནུས་པའི་སྒོ་ནས་བཏགས་པ་དང་མཚན་ཉིད་ནི་ཆུ་རྡུལ་ཕྲ་མོ་ཁུར་ནུས་པའོ། གཞན་ཡང་མངོན་བརྗོད་ཀྱི་མིང་བརྡ་ཁ་ཅིག་ནི་འབྱུང་ཁུངས་དང་ཁ་ཅིག་ནི་གཏམ་རྒྱུད། ཡང་ཁ་ཅིག་ནི་གནས་གཞི་ཆ་ནས་བཏགས་པ་ལ་སོགས་པའི་མིང་གི་བཏགས་དོན་མི་གཅིག་པ་མང་པོ་ཡོད་ལ། དེ་དག་རེ་རེ་ལའང་རང་རང་གི་མིང་གི་བཏགས་དོན་དང་གོ་དོན་མཚན་ཉིད་ངེས་ཚིག་རེ་ཡོད་པ་ཡིན། དེ་བཞིན་དུ་མི་མཚོན་པའི་མིང་ཚིག་མང་པོ་ཡོད་པ་དེ་དག་ལའང་སྨྲ་ཤེས་པ་དོན་གོ་བ་གཅིག་པུ་བཞག་ན་འང་མི་འགྲིག་ཏེ་གང་ཟག་ལ་གང་ཟག་གི་མཚན་ཉིད་དང་གོ་དོན་ངེས་ཚིག་ཡོད་ལ་ཤེས་བུ་ལ་ཤེས་བུ་ཡི་མཚན་ཉིད་དང་གོ་དོན་ངེས་ཚིག་ཡོད་པ་རེད། དེ་བཞིན་དུ་རྐང་གཉིས་ལ་རྐང་གཉིས་ཀྱི་གོ་དོན་དང་ངེས་ཚིག་ཡོད་པས་དེ་དག་ཐམས་ཅད་ལ་སྨྲ་ཤེས་པ་དོན་གོ་བཞག་ན་མི་འགྲིག་པ་ཡིན་ནོ།

ལྔ་བ། མིང་གཅིག་པའི་མིང་བཤད་པ།

    མིང་གཅིག་ཞེས་པ་ནི་མིང་གཅིག་དོན་མི་འདྲ་བ་མང་བོར་འཇུག་པ་ལ་ཟེར་བ་ཡིན་ཏེ་དཔེར་ན་སྣང་བྱེད་ཅེས་པ་ནི་མེ་དང་ཉི་མ་མིག་ལ་སོགས་པའི་དོན་མང་པོ་ལ་འཇུག་པ་དང་དེ་བཞིན་དུ་བསིལ་བྱེད་ཅེས་པའང་རླུང་དང་ལྗོན་པ། ཁ་བ། སྤྲིན་ལ་སོགས་པའི་དོན་མང་པོ་ཞིག་ལ་འཇུག་པ་ཡིན། དེ་ལྟར་མངོན་བརྗོད་ནས་བཤད་པའི་མིང་གཅིག་དོན་མང་པོ་འཇུག་པའི་མིང་གི་བརྡ་ཆད་མང་པོ་ཡོད་པ་དེ་རྣམས་ལ་ཡང་རང་རང་གི་མིང་གི་བཏགས་དོན་དང་གོ་དོན་མི་འདྲ་བ་རེ་འཇོག་རྒྱུ་ཡོད་པ་མ་ཟད། མིང་བརྡ་གཅིག་ལ་མཚན་ཉིད་མང་པོ་འཇོག་རྒྱུའང་ཡོད་དོ།

དྲུག་པ། མིང་བརྡ་རིག་པའི་དགོས་མཚན་བཤད་པ།

    མིང་བརྡ་རིག་པ་ནི་མིའི་རིགས་ཀྱི་སྐད་ཡིག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་པར་མ་ཟད། སྐད་ཆའི་སྲོག་ཤིང་ལྟ་བུའང་ཡིན། ད་ལྟ་འཛམ་གླིང་སྟེང་དུ་རྒྱལ་ཁབ་མི་འདྲ་བ་ཉིས་བརྒྱ་ཉི་ཤུ་རྩ་བཞི་དང་མི་རིགས་མི་འདྲ་བ་ཉིས་སྟོང་ལྷག་ཡོད་ལ་མི་རིགས་དེ་དག་ལ་རང་རང་གི་སྐད་ཆ་དང་རང་རང་རང་གི་ཡི་གེ རང་རང་གི་མིང་བརྡ་རིག་པ་ལ་སོགས་པའང་ཡོད་པ་རེད། དེ་བཞིན་དུ་ང་ཚོ་བོད་ལའང་བོད་ཀྱི་སྐད་ཆ་དང་བོད་ཀྱི་ཡི་གེ་བོད་ཀྱི་མིང་བརྡ་རིག་པ་ལ་སོགས་པ་ཡོད་དེ་བོད་ཀྱི་སྐད་ནི་མདོ་དབུས་ཁམས་བསྡུས་པའི་སྐད་ཆ་ཡོད་ཚད་དང་བོད་ཡིག་གསལ་བྱེད་སུམ་ཅུ་དང་དབྱངས་བཞི་མགོ་འདོགས་རྐྱང་གསུམ་སོགས་ཀྱི་བསྡུས་པའི་ཡི་གེ་དང་འདོད་རྗེས་མངོན་སོགས་ཀྱིས་བསྡུས་པའི་མིང་བརྡ་རིག་པ་དང་བཅས་ནི་བོད་ཀྱི་བླ་སྲོག་ཡིན་ལ་དེ་ལས་བོད་ཀྱི་མིང་བརྡ་རིག་པ་ནི་གཙོ་བོ་འདོད་རྒྱལ་དང་རྗེས་གྲུབ་མངོན་བརྗོད་བཅས་ཁག་མི་འདྲ་བ་གསུམ་ལས་གྲུབ་པ་ཞིག་ཡིན་ལ་དེ་ནི་བོད་སྐད་ཡིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་སྐད་ཀྱི་སྲོག་ཤིང་ལྟ་བུའང་རེད། དེ་ལས་འདོད་རྒྱལ་ནི་མིང་རྩ་བ་དང་རྗེས་གྲུབ་ནི་མིང་གི་ཡལ་འདབས་མངོན་བརྗོད་ནི་མིང་གི་འཕེལ་རྒྱས་ལྟ་བུར་གནས་པ་ཡིན་ལ་འདོད་རྒྱལ་མ་གཏོགས་གཞན་རྗེས་གྲུབ་ཀྱི་བརྡ་སྦྱར་བའི་མིང་ཡོད་དོ་ཅོག་ལ་རང་རང་གི་མཚན་ཉིད་དང་ངེས་ཚིག་གོ་དོན་སོགས་འཇོག་རྒྱུ་ཡོད་པ་མ་ཟད། དེ་དག་རང་རང་གི་མིང་གི་བཏགས་དོན་དང་མིང་གི་རྒྱུ་མཚན་སོགས་ཀྱང་བཤད་རྒྱུ་ཡོད། དེ་དག་གི་མིང་གི་བཏགས་དོན་དང་བེད་སྤྱད་སྟངས་གོ་དོན་སོགས་ཞིབ་ཕྲ་ཤེས་ན་རིག་གཞུང་ཞིབ་འཇུག་བྱེད་པར་ཕན་ཐོག་ཆེ་བ་དང་དེ་དག་གི་མིང་གི་བཏགས་དོན་དང་བེད་སྤྱོད་སྟངས། གོ་དོན་སོགས་མ་ཤེས་ན་རིག་གཞུང་ལ་ཞིབ་འཇུག་དང་གོ་བ་གཏིང་ཟབ་ལེན་མི་ཐུབ། དེ་བས་མིང་བརྡ་ལེགས་པོ་སྦྱང་རྒྱུ་ནི་ཤིན་ཏུ་གལ་ཆེ་བའོ།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1