ཞི་ཅིན་ཕིང་གིས་མོ་རོ་ཁོ་རྒྱལ་ཁབ་ཀྱི་རྒྱལ་པོ་སྐུ་ཕྲེང་དྲུག་པ་མོའོ་ཧན་མོ་ཏི་དང་གྲོས་མོལ་མཛད།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 05-12


  སྤྱི་ཟླ་5པའི་ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མོ་རོ་ཁོ་རྒྱལ་ཁབ་ཀྱི་རྒྱལ་པོ་སྐུ་ཕྲེང་དྲུག་པ་མོའོ་ཧན་མོ་ཏི་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ། མཉམ་རྒྱལ་གྱི་རྩ་དོན་རྨང་གཞི་ཡིན་པའི་ཀྲུང་གོ་དང་མོ་རོ་ཁོའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ཕྱོགས་གཉིས་ཀྱི་འབྲེལ་བའི་ལེའུ་གསར་པ་ཞིག་བསྐྲུན་པར་ཐག་གཅོད་གནང་།
  ཞི་ཅིན་ཕིང་གིས་མོ་རོ་ཁོ་ནི་ཆེས་ཐོག་མར་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པའི་ཧྥེ་གླིང་དང་ཨ་རབ་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། འབྲེལ་བ་བཙུགས་ནས་ལོ་ངོ་58འགོར་བའི་རིང་ལ་ཕྱོགས་གཉིས་ཀྱིས་ཐུན་མོང་གི་འབད་བརྩོན་འོག ཀྲུང་གོ་དང་མོ་རོ་ཁོའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་ཕྱིན། ཀྲུང་གོ་དང་མོ་རོ་ཁོ་གཉིས་ཀྱིས་འཐབ་ཇུས་གྲོགས་པའི་འབྲེལ་བ་བཙུགས་པ་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཁྲོད་ཀྱི་རྡོ་རིང་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལ་གོ་སྐབས་གསར་པ་བསྐྲུན།
  རྒྱལ་པོ་སྐུ་ཕྲེང་དྲུག་པ་མོའོ་ཧན་མོ་ཏི་ཡིས་མོ་རོ་ཁོ་དང་ཀྲུང་གོས་འཐབ་ཇུས་འབྲེལ་བ་བཙུགས་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་ཞིག་བསྣན་ངེས། མོ་རོ་ཁོའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་མཉམ་དུ་འབད་པ་ཆེན་པོས་བཟོ་ཚོང་དང་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་སྤེལ་བ་དང་། འཕེལ་རྒྱས་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱ་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1