༄༅།། ཡར་འབྲོག་གཡུ་མཚོ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-23


  འཛམ་གླིང་ཐོག་ཡར་འབྲོག་གཡུ་མཚོ་གཅིག་མ་གཏོགས་མེད་ལ། འཛམ་གླིང་གི་ས་སྒང་འདི་ཡི་ཐོག་ཡར་འབྲོག་གཡུ་མཚོ་ནི་ངས་སེམས་གཏིང་གི་མཚོ་གཅིག་པུ་དེ་ཡིན། ཡར་འབྲོག་གཡུ་མཚོ། ངས་ཁྱེད་ཀྱི་མཚན་སྔ་ས་གོ་མྱོང་ཡང་། ང་ཁྱེད་དང་ད་བར་འཕྲད་མ་མྱོང་། ཨོ་རེད། བོད་ཁ་བ་གངས་ཅན་པའི་གཡུ་ཡི་མཚོ་མོ་བཞི། ངས་རྒྱང་རིང་ནས་ཁྱེད་རྣམས་མཇལ་འདོད་ཀྱི་འདུན་པ་ཟབ། ཁྱེད་རྣམས་མཇལ་བའི་སྨོན་འདུན་ཟབ། དངས་གཙང་གི་མཚོ་མོ་བཞི། མཛེས་ལྡན་གྱི་མཚོ་མོ་བཞི། ཇི་སྲིད་གོ་ལ་འདི་གནས་ཁྱེད་རྣམས་གཟིགས་བརྗིད་ཀྱི་ངང་ནས་གནས་པར་སྨོན། གཡུ་ཡི་མཚོ་མོ་རྣམས་བཞི། ངས་སེམས་ནང་གི་ཡར་འབྲོག་གཡུ་མཚོ། ངས་ཞི་བདེའི་རྒྱ་མཚོའི་ཕར་ཁ་ནས་ཁྱེད་རྣམས་དྲན་བཞིན་ཡོད་ལ། ངས་ས་ཆེན་གོ་ལིའི་རྒྱབ་ངོས་ནས་ཁྱེད་རྣམས་ལ་སྟོད་དབྱངས་སྒྲོགས་བཞིན་ཡོད། གཡུ་མདོག་གི་མཚོ་མོ་རྣམས་བཞི། སེམས་ནང་གི་ཡར་འབྲོག་གཡུ་མཚོ། ཡར་འབྲོག་གཡུ་མཚོ་ནི་མཚོ་ཆེན་བཞིའི་ཡ་གྱལ་ཞིག་ཡིན། དེར་སྙན་པར་ཁྱབ་པའི་ཤོད་རྒྱུན་དང་ལྡན་པ་སྟེ། སྤྱིར་ན་གངས་ལྗོངས་ཀུན་ཏུ་བླ་མཚོ་མོ་དང་གནས་རི་ཕོ་བཞིན་དུ་རྟགས་ནས་ཕན་ཚུན་བཟའ་མཚོ་ཡིན་པའི་ཤོད་རྒྱུན་ཀུན་ཏུ་ཁྱབ་ཀྱང་ཡར་འབྲོག་གཡུ་མཚོར་དེ་དང་མི་མཐུན་པའི་ཤོད་སྲོལ་ངོ་མཚར་ལྡན་པ་ཞིག་ཡོད། ཡར་འབྲོག་གཡུ་མཚོ་ནས་རྒྱང་ཐག་མི་རིང་བའི་སར་ཕུ་མ་གཡུ་མཚོ་ཞེས་པ་ཞིག་གནས་ཤིང་། མཚོ་དེ་གཉིས་ཚན་ཚུན་བཟའ་མཚོ་ཡིན་པར་བཤད་དེ། ཡར་འབྲོག་གཡུ་མཚོ་ནི་དྭངས་ཤིང་སྔོ་བ་དང་གནམ་གཤིས་དང་བསྟུན་ནས་མཚོ་ཁ་དོག་ལ་གྱུར་བ་འགྲོ་བས་རྒྱན་ཆ་དང་བྱི་དོར་ལ་དགའ་བའི་བུད་མེད་ལྟ་བུ་དང་ཕུ་མ་གཡུ་མཚོ་ནི་ཕོ་ཡིན་པས་དེ་ལས་ཅུང་རྙོག་ཅིང་ཁ་དོག་ལ་མངོན་གསལ་དོད་པའི་གྱུར་བ་མེད། ལོ་འཁོར་གཅིག་སྟེ་ལོ་ངོ་བཅུ་གཉིས་ནང་མཚོ་ཆུ་ལུད་དེ་ཕན་ཚུན་ལུས་འབྲེལ་ཐེངས་གཅིག་ཡོང་གི་ཡོད་པར་བཤད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1