ཉག་ཆུ་རྫོང་གིས་གཅིག་བསྡུས་སློབ་གྲྭ་བཙུགས་ནས་ཕྲུ་གུ་གསོ་སྐྱོང་བྱས་པ།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ། དབྱངས་ཅན།ཡོང་ཁུངས། ཁམས་པའི་དྲ་བ། སྤེལ་དུས། 07-05


        ས་རྒྱ་ཆེ་ལ་མི་གྲངས་ཉུང་བ་དང་གྲོང་རྡལ་གྱི་སློབ་གྲྭ་འཛུགས་པའི་ནུས་པ་ཞན་པའི་མིག་སྔའི་གནས་ཚུལ་ལ་དམིགས་ནས། ཉག་ཆུ་རྫོང་གིས་སློབ་གསོའི་ཐོན་ཁུངས་ཕྱོགས་བསྡུས་ལེགས་སྒྲིག་དང་ནུས་ཤུགས་གཅིག་སྡུད་བྱས་ཏེ་སློབ་གསོའི་ལྡུམ་ཁུལ་བསྐྲུན་པ་དང་དབུལ་སྐྱོར་གནད་སྨིན་ལ་རམ་འདེགས་བྱས། མགར་ར་སློབ་གསོའི་གཅིག་སྡུད་སློབ་གྲྭ་འཛུགས་ཡུལ་དུ་ས་ཞིང་མུའུ་229.5ལ་སྤྱད་ནས་སྤྱིའི་མ་དངུལ་སྒོར་དུང་ཕྱུར2.9གཏོང་འཇོག་བྱས། འཛུགས་སྐྲུན་འགྲུབ་རྗེས་བྱིས་གཉོར་ཁང་ནས་དམའ་རིམ་སློབ་འབྲིང་བར་གྱི་སློབ་གསོའི་ལྡུམ་ཁུལ་ཆེ་གྲས་ཤིག་ཏུ་གྲུབ་ཐུབ་རྒྱུ་དང་སློབ་མ་མི་གྲངས་4500ཤོང་བ་རེད། གཞི་ཁྱོན་དེ་ལྟར་ལྡན་པའི་སློབ་གྲྭ་ཞིག་དཀར་མཛེས་ཁུལ་ལ་བཤད་ན་ཨང་དང་པོ་ཡིན་པ་རེད། 
        2015ལོའི་ཟླ་བ9པར་ཉག་ཆུ་རྫོང་མགར་ར་གཅིག་སྡུད་སློབ་གྲྭ་འཛུགས་སའི་ས་ཁུལ་གྱི་དུས་རིམ་དང་པོའི་ཨར་ལས་ཏེ་ཉག་ཆུ་རྫོང་མགར་ར་བྱིས་གཉོར་ཁང་དང་ཉག་ཆུ་རྫོང་མགར་ར་སློབ་ཆུང་འཛུགས་སྐྲུན་བྱས་ནས་སློབ་མ་བསྡུ་ལེན་བྱས་པ་རེད།   སློབ་འགོ་ཚུགས་སྐབས་སློབ་མ་600བསྡུ་རྒྱུའི་འཆར་གཞི་བཞག་ཀྱང་མཐར་སློབ་གྲྭར་ཡོང་མཁན་སློབ་མ་962ཡོད་པ་རེད། ཉག་ཆུ་རྫོང་མགར་ར་སློབ་གྲྭའི་འགོ་གཙོ་ལི་པིང་གིས་སློབ་མ་ཕལ་ཆེ་བའི་ཁྱིམ་ཚང་གི་དཔལ་འབྱོར་ཞན་པས་ཚང་མས་རིན་པ་མི་དགོས་པའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གསོ་མྱོང་ཆོག་པ་རེད་ཅེས་བཤད། 
        ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེའི་ལོ་རན་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ་བརྒྱ་དང་། དམའ་རིམ་སློབ་འབྲིང་གི་སློབ་གྲྭར་ཞུགས་ཚད་བརྒྱ་ཆ་95.07 མཐོ་རིམ་སློབ་འབྲིང་དུ་2015ལོར་སློབ་གྲྭར་ཞུགས་ཚད་བརྒྱ་ཆ་132.66བཅས་ཡོད་པ་རེད། 2015ལོར་བོད་ཁུལ་དུ་དང་ཐོག་ལོ་15རིང་གི་རིན་མེད་སློབ་གསོའི་ལས་ཀ་སྤེལ་ཐུབ་ནས་ཕྲུ་གུ་ཁྲི་30ལ་ཕན་ཐོགས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1