མཚོ་སྔོན་མགོ་ལོག་གི་རྐང་གྲུག་ལུས་རྩལ་པ་ཆུང་ཆུང་པད་མ་འཕྲིན་ལས་ཕུགས་བསམ་མངོན་འགྱུར་བྱེད་དུ་ཡོ་རབ་གླིང་དུ་ཕྱིན།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཀྲུང་གོའི་གསར་འགྱུར་དྲ་བ། སྤེལ་དུས། 08-17


         སྤྱི་ཟླ་8པའི་ཚེས་11ཉིན། 2016ལོའི་ཁྲང་ཨན་ཧྥུ་ཐུའུ་ཀྲུང་ཁྲའོ་ཡི་མ་འོངས་པའི་སྐར་ཆེན་དབྱི་པི་ལི་ཡ་སྦྱོང་བརྡར་སྒར་དུ་སྐྱོད་པའི་མཛད་སྒོ་པེ་ཅིན་དུ་བསྡུས། རྒྱལ་ནང་གི་རྐང་གྲུག་སྤོ་ལོའི་རོལ་རྩེད་ཁང་7གྱི་ཀྲུང་ཁྲའོ་ཡི་མ་འོངས་པའི་སྐར་ཆེན་དེ་ལུས་རྩལ་པ་ཆུང་ཆུང་30དང་རྩལ་སློབ་དགེ་རྒན་མཁས་པ་4བཅས་པེ་ཅིན་དུ་འཛོམས་ཤིང་ཚེས་13ཉིན་གནམ་གྲུར་བསྡད་དེ་དབྱི་པི་ལི་ཡ་གླིང་ཕྲན་དུ་བསྐྱོད་ནས་སི་ཕན་དང་ཕོར་ཐུ་གལ་དུ་གཟའ་འཁོར་གཉིས་རིང་གི་རྐང་གྲུག་སྦྱོང་བརྡར་དང་བརྗེ་རེས་བྱེད་སྒོ་སྤེལ་རྒྱུ་རེད།

         ཕྱི་གླིང་དུ་སྦྱོང་བརྡར་སྒར་སའི་བྱེད་སྒོ་སྐབས་གཉིས་པ་ཡིན་པའི་ད་ལོའི་དབྱི་པི་ལི་ཡ་སྦྱོང་བརྡར་སྒར་སའི་གཞི་རྒྱ་ན་ནིང་གི་དབྱིན་ཇི་སྦྱོང་བརྡར་སྒར་སའི་གཞི་རྒྱ་ལས་ཆེ་ཞིང་། སྦྱོང་བརྡར་སྒར་སར་ཞུགས་པའི་ལུས་རྩལ་པ་ཆུང་ཆུང་རྣམས་ཀྱི་མི་གྲངས་30ཟིན་ཡོད། ཁོ་ཚོ་ནི་2015ལོའི་ཁྲང་ཨན་ཧྥུ་ཐུའུ་ཀྲུང་ཁྲའོ་ཡི་མ་འོངས་པའི་སྐར་ཆེན་གྱི་ན་གཞོན་རྐང་གྲུག་འདེམས་སྒྲུག་འགྲན་སྡུར་ལས་བྱུང་བ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་བདུན་གྱི་སློབ་གྲྭ་150ཡི་འགྲན་ཞུགས་སློབ་མ་2700ཡི་ཁྲོད་ནས་འབུར་དུ་ཐོན་པའི་ཕུལ་བྱུང་རྐང་གྲུག་ལུས་རྩལ་པ་ཆུང་ཆུང་དག་ཡིན་ཏེ། མིག་སྔར་རྒྱལ་ནང་གི་སློབ་རའི་རྐང་གྲུག་ལུས་རྩལ་གྱི་ཆེས་མཐོའི་ཆུ་ཚད་མཚོན་ཐུབ། དེ་ལས་ཆེད་དུ་བཤད་འོས་པ་ཞིག་ལ། ཁོ་ཚོའི་ཁྲོད་དུ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རྐང་གྲུག་ལུས་རྩལ་འཐུས་མི་ཆུང་ཆུང་པད་མ་འཕྲིན་ལས་ཡོད། པད་མ་འཕྲིན་ལས་ནི་རྨ་ཆུ་རྫོང་མི་རིགས་སློབ་ཆུང་གཉིས་པའི་ལོ་རིམ་དྲུག་པའི་སློབ་མ་ཞིག་སྟེ། རིག་པ་བཀྲ་ཞིང་རྣམ་དཔྱོད་ལྡན་པས་སློབ་སྦྱོང་གི་སྦྱང་འབྲས་ཤིན་ཏུ་བཟང་། རྐང་གྲུག་རྩེ་བ་དེ་ལས་ལྷག 2015ལོའི་ཁྲང་ཨན་ཧྥུ་ཐུའུ་ཀྲུང་ཁྲའོ་ཡི་མ་འོངས་པའི་སྐར་ཆེན་གྱི་ན་གཞོན་རྐང་གྲུག་འདེམས་སྒྲུག་འགྲན་སྡུར་ཁྲོད་ཁོས་ལྷན་སྐྱེས་ཀྱི་རྐང་གྲུག་གི་འདུ་ཤེས་དང་རང་ངོས་ཀྱི་བྱང་ཚད་བཟང་ཤོས། དེ་མིན་འགྲན་སྡུར་ཁྲོད་ཀྱི་ལྷུར་ལེན་འབད་བརྩོན་ཕྱིར་མངོན་པ་ལས་སྦྱོང་བརྡར་དགེ་རྒན་དང་རྐང་གྲུག་ལས་རིགས་མི་སྣའི་ཡིད་དབང་བཀུག་ཤིང་བདེ་བླག་ངང་ཀྲུང་ཁྲའོ་ཡི་མ་འོངས་པའི་སྐར་ཆེན་གྱི་ཕུལ་བྱུང་རུ་ཁག་ཏུ་ཚུད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1