ཆེས་ཡང་བའི་རླུང་གཟུགས།ཧའེ་རླུང་།

ཚེ་དཔལ་གྱིས་སྒྲིག་སྒྱུར་བྱས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 10-13


ཧའེ་རླུང་གི་དབུགས་ལྒང་།
氢气球

ཧའེ་(Hydrogen)ནི་རྫས་འགྱུར་གྱི་རྒྱུ་ཆ་ཞིག་རེད། ཧའེ་ཡི་རྫས་འགྱུར་ཚབ་རྟགས་Hདང་མ་རྡུལ་རིམ་གྲངས་1རེད། ཧའེ་ཡི་མ་རྡུལ་ནི་མ་རྡུལ་ཡོངས་ལས་ཆེས་ཆུང་བའི་མ་རྡུལ་དང་། ཧའེ་ཡི་དངོས་ལུགས་ངོ་བོ་ནི་ནམ་རྒྱུན་རླུང་གཟུགས་ཀྱི་རྣམ་པར་གནས་ཤིང་ཁ་དོག་དང་བྲོ་བ་ཅི་ཡང་མེད། ཧའེ་ཡི་འདུས་ཚད་ཤིན་ཏུ་དམའ་སྟེ་མཁའ་དབུགས་ཀྱིས་1/14ལས་མེད། ཚད་ལྡན་གྱི་རླུང་ཁམས་ཆེན་མོའི་གནོན་ཤུགས་0℃འོག་ཧའེ་རླུང་གི་འདུས་ཚད་0.0899g/Lཡིན་པ་རེད། ཧའེ་རླུང་252.8℃(20.2k)འོག་ཁ་མདོག་མེད་པའི་གཤེར་གཟུགས་སུ་གནས་ཤིང་259.2℃(13.8k)འོག་སྲ་གཟུགས་སུ་གནས། དྲོད་ཚད་རྒྱུན་ལྡན་འོག་ཧའེ་ཡི་ངོ་བོ་གཏན་འཇགས་ཡིན་ལ། མེར་སྤར་དུས་དང་དྲོད་ཚད་མཐོ་བའི་ཁོར་ཡུག་ཏུ་དངོས་པོ་མང་པོ་དང་འཕྲད་དུས་རྫས་འགྱུར་གྱི་སྣང་ཚུལ་མང་པོ་འབྱུང་སྲིད། ཧའེ་རླུང་མཁའ་དབུགས་ཁྲོད་མེ་རུ་སྤར་ཐུབ་པ་ནི་དོན་དངོས་སུ་མཁའ་དབུགས་ཁྲོད་ཀྱི་དབྱང་རླུང་དང་འཕྲད་པས་ཡིན།

དུས་རབས་བཅུ་དྲུག་པའི་ནང་སི་ཝེས་ཙེར་རྒྱལ་ཁབ་ཀྱི་སྨན་པ་ཞིག་གིས་ཧའེ་རླུང་གསར་དུ་རྙེད་ཅིང་དུས་དེར་ཧའེ་རླུང་ནི་སྤར་ཆོག་པའི་རླུང་གཟུགས་ཤིག་ཏུ་ངོས་འཛིན་བྱེད་པ་ལས་རྒྱུ་ཆའི་སྡེ་ཚན་ཞིག་ཏུ་ངོས་འཛིན་བྱེད་ཐུབ་མེད། སྤྱི་ལོ་1766ལོར་དབྱིན་ཇིའི་ཚན་རིག་པ་ཁཱ་ཝིན་ཏི་ཞོ་(1731-1810)ཀྱིས་ད་གཟོད་མཁའ་དབུགས་དང་ཧའེ་དབུགས་ལ་ཁྱད་པར་ཡོད་པ་ར་སྤྲོད་བྱས་ཤིང་1781ལོར་ཁོས་ཡང་བསྐྱར་ཧའེ་རླུང་མཁའ་དབུགས་ཁྲོད་མེར་སྤར་ཚེ་ཆུ་འབྱུང་ཐུབ་པ་གསར་རྟོགས་བྱུང་། ཧའེ་(Hydrogen)ཡི་མ་གཞིའི་གོ་དོན་ལ་ཆུའི་རྒྱུ་གྲུབ་ཅེས་པའི་དོན་འདུས་པའི་རྒྱུ་མཚན་ཡང་མདོར་བསྡུས་ན་ཧའེ་རླུང་གི་ངོ་བོ་དང་དམ་དུ་འབྲེལ་ཡོད།

སྤྱི་ལོ་1780ལོར། ཧྥ་རན་སིའི་རྫས་འགྱུར་ཆེད་རམས་པ་ཞིག་གིས་ལྒང་ཕུག་ནང་ཧའེ་རླུང་བཅུག་སྟེ་འཛམ་གླིང་ཐོག་གི་ཆེས་ཐོག་མའི་ཧའེ་རླུང་གི་དབུགས་ལྒང་བཟོས་པ་དང་། དེ་དལ་བུར་མཁའ་དབྱིངས་སུ་འཕུར་བསྐྱོད་བྱ་ཐུབ་པ་བྱུང་། ད་ལྟ་འཚོ་བའི་ཁྲོད་མི་རྣམས་ཀྱིས་དབུགས་ལྒང་ནང་ཧའེ་རླུང་བཅུག་ཏེ་མཁའ་དབྱིངས་སུ་གཏོང་བ་དང་བྱིས་པའི་རྩེད་ཆས་སུ་སྤྱོད་པའི་སྣང་ཚུལ་མང་པོ་མཐོང་རྒྱུ་ཡོད་པ་དག་ཀྱང་ཧའེ་ཡི་བྱེད་ནུས་ལགས་སོ།། 

最轻的气体—氢气


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1