2016ལོའི་རོང་བྲག་རྒྱལ་རོང་བོད་མིའི་སྲོལ་རྒྱུན་དུས་སྤེལ་འགོ་ཚུགས།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 10-26


        སྤྱི་ཟླ་10པའི་ཚེས་26ཉིན། དུས་ཡུན་ཉིན་གསུམ་གྱི་2016ལོའི་ཀྲུང་གོ་སི་ཁྲོན་རོང་བྲག་རྒྱལ་རོང་བོད་མིའི་སྲོལ་རྒྱུན་དུས་ཆེན་རོང་བྲག་རྫོང་དུ་འཚོགས། ཐེངས་འདིའི་དུས་ཆེན་གྱིས་གནའ་བོའི་མཁར་རྫོང་དང་བོད་སྡེ། མཛེས་མའི་ལུང་བ -----ཀྲུང་གོའི་ཆེས་མཛེས་པའི་གྲོང་སྡེར་ཕེབས་པར་དགའ་བསུ་ཞུ་ཞེས་པ་བརྗོད་དོན་དུ་བཟུང་ཞིང་། བསྡོམས་པས་ཚོགས་ར་4བཀོད་སྒྲིག་བྱས་ཡོད། དུས་ཆེན་གྱི་སྐབས་སུ་མཛེས་འདེམས་འགྲན་སྡུར་དང་དམངས་ཁྲོད་གླུ་གར་འཁྲབ་སྟོན། དམངས་ཁྲོད་ཀྱི་རྩེད་རིགས་སོགས་རྒྱལ་རོང་རིག་གནས་ཀྱི་ཁྱད་ཆོས་བླ་ལྷག་ལྡན་པའི་འཁྲབ་སྟོན་མང་པོ་བཀོད་སྒྲིག་འདུག 
        རྒྱུས་ལོན་བྱས་པ་ལྟར་ན། རོང་བྲག་རྫོང་གི་རྒྱལ་རོང་བོད་མིའི་སྲོལ་རྒྱུན་དུས་ཆེན་གྱི་ཡུལ་སྲོལ་ལ་ལོ་རྒྱུས་ཡུན་རིང་ལྡན་ཏེ། དུས་ཆེན་དེ་ལོ་རྒྱུས་ཐང་རྒྱལ་རབས་དང་སུང་རྒྱལ་རབས་ཀྱི་སྐབས་སུ་ཡར་འདེད་ཐུབ། ཆེས་ཐོག་མར་མི་རྣམས་ཀྱིས་ལོ་ལེགས་སྨིན་པར་རྟེན་འབྲེལ་བྱེད་པའི་བྱ་འགུལ་ཞིག་ཡིན་ལ། ལོ་རེའི་དབྱར་བསྡུ་དང་སྟོན་བསྡུའི་སྐབས་སུ་མི་རྣམས་སོས་དལ་བག་ཕེབས་ངང་གནས་སྐབས་ཞིང་འབྲོག་དམངས་ཚོགས་རྣམས་ཀྱིས་ཕྱོགས་སོ་སོ་ནས་ཆང་ཁྱེར་ཡོང་སྟེ་ལྷན་དུ་ཆང་དང་གར་ལ་རོལ་ནས་ལོ་གཅིག་གི་ངལ་དུབ་སེལ་བར་བྱེད་ཅིང་། རྗེས་ནས་རིམ་བཞིན་བྱ་འགུལ་དེ་ས་གནས་དེ་གའི་གོམས་སྲོལ་ཞིག་ཏུ་གྱུར་ཏེ་བྱ་འགུལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་དང་གཞི་རྒྱ་ཇེ་ཆེར་གྱུར།
        ཉེ་བའི་ལོ་ཤས་རིང་། རོང་བྲག་རྒྱལ་རོང་བོད་མིའི་སྲོལ་རྒྱུན་དུས་ཆེན་གྱིས་རྫོང་སྟུག་པའི་རིག་གནས་ཀྱི་རྨང་གཞི་དང་ཁྱད་ཆོས་ལྡན་པའི་ས་གནས་ཡུལ་སྲོལ་ལ་བརྟེན་ཏེ་སྔ་རྗེས་སུ་དཀར་མཛེས་ཁུལ་གྱི་སྲོལ་རྒྱུན་དུས་ཆེན་ཆེན་པོ་དྲུག་དང་ཀྲུང་གོ་སི་ཁྲོན་གྱི་མིང་དུ་གྲགས་པའི་དུས་ཆེན་བཅུ། ཀྲུང་གོའི་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དུས་ཆེན་སོགས་ཀྱི་མཚན་སྙན་ཐོབ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1