ནོར་བུས་ཉར་ཚགས་བྱས་པའི་རྩ་ཆེའི་ཐང་ག་བདམས་བཀོད།

དཀོན་མཆོག་རྡོ་རྗེས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 10-26


        ནོར་བུ་ཞེས་མིང་དོན་མཚུངས་པའི་ཁམས་ཕྱོགས་ཀྱི་རིག་དངོས་ཉར་ཚགས་བྱེད་མཁན་དེས་མི་ལོ་ཉི་ཤུ་ལྷག་ཙམ་གྱི་རིང་དུ་ཚོང་ལས་ཀྱི་ཡོང་འབབ་ཕལ་ཆེར་བོད་ཀྱི་རྩ་ཆེའི་རིག་དངོས་ཉར་ཚགས་བྱེད་པར་སྤྱོད། ང་རང་གིས་ཉིན་བཅུ་ཤས་སྔོན་དུ་ཁོ་རང་གཞི་ནས་ངོ་ཤེས་ཤིང་། སྐབས་དེར་ཁོས་རིག་དངོས་རྩ་ཆེན་ཁག་ཅིག་ཧྲང་ཧའེ་རུ་འགྲེམ་སྟོན་བྱེད་པར་གྲ་སྒྲིག་བྱེད་བཞིན་འདུག ང་རང་གིས་ཁོས་ཉར་ཚགས་བྱས་ཡོད་པའི་རིག་དངོས་རྩ་ཆེན་ཁ་ཤས་པར་རྒྱག་རོགས་བྱེད་སྐབས་ཞལ་ཐང་ཁ་ཤས་མཇལ་བའི་གོ་སྐབས་བྱུང་བས་ཡིད་སེམས་རབ་ཏུ་འཕྲོག་སོང་། ཁོས་ཉར་ཚགས་བྱས་པའི་ཞལ་ཐང་དེ་དག་དུས་རབས་བཅུ་གཅིག་པ་ནས་བཅུ་བདུན་པ་ཙམ་གྱི་མཁྱེན་ལུགས་དང་སྨན་ལུགས་གསར་རྙིང་། ཀརྨ་སྒར་བྲིས་སོགས་ཀྱི་ཞལ་ཐང་གི་འབྲི་སྲོལ་ཆེན་པོའི་རིགས་མ་ཚང་བ་མེད་ཅིང་། ལྷག་པར་དུ་སི་ཏུ་ཆོས་འབྱུང་དགུང་ལོ་ང་བརྒྱད་ཐོག་བྲིས་པའི་ཞལ་ཐང་སོགས་སྒྱུ་རྩལ་གྱི་རིན་ཐང་གལ་ཆེན་ལྡན་པ་ཤ་སྟག་རེད་འདུག

འཇམ་དབྱངས་དཀར་པོ། ཀརྨ་སྒར་བྲིས་ལུགས་ཀྱི་ཞལ་ཐང་། དུས་རབས་18པ། ཆེ་ཆུང་(75CM×51CM)
白文殊菩萨 嘎玛噶孜画派 18世纪 规格: (75CM×51CM)
        2016ལོའི་ཟླ་5པའི་ཚེས་6ནས་ཚེས་12ཉིན་བར། དག་གཙང་གི་དཀར་མཛེས་ཧྲང་ཧའེ་རུ་སྐྱོད་པ་ཞེས་པའི་འགྲེམ་སྟོན་གྱི་ནང་དོན་གལ་ཆེན་ཞིག་ནི་ནོར་བུས་ཉར་ཚགས་བྱས་ཡོད་པའི་བོད་ཀྱི་ཕོ་བྲང་ནང་གི་རིག་གནས་མཚོན་པའི་ཞལ་ཐང་རྙིང་པ་40དང་། ལི་སྐུ་7ད་དུང་མཆོད་ཆས་དང་གསེར་སྐུད་ལས་གྲུབ་པའི་ཆོས་གོས། ས་གདན། གསེར་གྱི་རྟ་སྒ་སོགས་བོད་ཀྱི་བཟོ་རྩལ་རྩེ་གྲས་ཀྱི་རིག་གནས་མཚོན་པའི་རིག་དངོས་ཁག་ཅིག་ཧྲང་ཧའེ་རུ་ཐེངས་དང་པོར་འགྲེམས་སྟོན་བྱས་རྗེས་རྒྱལ་ཕྱི་ནང་རིག་དངོས་ལ་དགའ་ཞེན་ཆེ་བའི་མི་ཚོའི་ཡིད་དབང་རབ་ཏུ་འཕྲོག་སོང་། ཕྱི་རྒྱལ་གྱི་སྐད་གྲགས་ཆེ་བའི་ཉར་ཚགས་པ་མང་པོ་ཆེད་དུ་ནོར་བུའི་རིག་དངོས་འགྲེམ་སྟོན་ལྟ་སར་ཡོང་བ་དང་། ལྷག་པར་དུ་ཨ་རིའི་ཉིའུ་ཡོག་ལུའི་པིང་སྒྱུ་རྩལ་ཁང་གི་སྔོན་གྱི་འགན་འཛིན། རྒྱལ་སྤྱིའི་ཐང་ག་སྐོར་གྱི་ཆེད་མཁས་པ་ཝར་ཐེ་ཅའེ་ཧྥུ་ཆེད་དུ་འགྲེམས་སྟོན་ཐོག་ཕེབས་ནས་འགྲེལ་བཤད་གནང་རོགས་མཛད་ཅིང་ཐེངས་འདིའི་འགྲེམས་སྟོན་ལ་ཚད་མཐོན་པོའི་གདེང་འཇོག་གནང་། སྣང་གསལ་རི་མོའི་སྲོལ་གཏོད་མཁན་བོད་ཀྱི་མཁས་དབང་ལྟག་ཨོ་རྒྱན་ཆོས་འཕེལ་སོགས་རྒྱལ་ནང་གི་མཁས་དབང་མང་པོས་ཀྱང་ཞལ་ཐང་གི་རིན་ཐང་སོགས་གཟིགས་མོ་བ་རྣམས་ལ་ངོ་སྤྲོད་གནང་རོགས་བྱས་ཡོད།


རྡོ་རྗེ་བདག་མེད་མ། མཁྱེན་བརྩེ་ལུགས་ཀྱི་ཞལ་ཐང་། དུས་རབས་17པ། ཆེ་ཆུང་(63CM×46CM)
金刚无我佛母 钦则画派 17世纪 规格: (63CM×46CM)


        ཚོང་དཔོན་ནོར་བུ་ལགས་ནི་བོད་ཀྱི་ཚོང་པ་དཀྱུས་མ་ཞིག་ཡིན་རུང་། ཁོ་རང་བོད་ཀྱི་རིག་དངོས་ཉར་ཚགས་བྱ་རྒྱུ་ལ་ཧ་ཅང་དགའ་བས་མི་རིགས་རང་གི་གཅེས་ནོར་རང་གིས་བདག་སྐྱོང་བྱ་རྒྱུའི་འོས་འགན་ཕྲག་ཏུ་བཞེས་ནས་ཕྱི་རྒྱལ་སོགས་སུ་འཐོར་བའི་རིག་དངོས་རྩ་ཆེན་དེ་དག་ཐབས་གང་ཡོད་ཀྱིས་ཚུར་བསྡུ་ཅི་ནུས་བྱེད་བཞིན་ཡོད། ཁོ་རང་གི་རེ་སྨོན་ནི་དར་མདོ་རུ་བཤམས་སྟོན་ཁང་ཞིག་བཙུགས་ནས་རང་གི་ལོ་མང་རིང་ཉར་ཚགས་བྱས་པའི་རིག་དངོས་རྩ་ཆེན་དེ་དག་མུ་མཐུད་དུ་སྲུང་སྐྱོབ་ཡག་པོ་བྱེད་ཐུབ་ཐབས་བྱ་རྒྱུ་ནི་ཁོའི་མཐར་ཐུག་གི་ཕུགས་འདུན་ཡིན་པར་མཚོན་ཡོད། བོད་ཀྱི་ཚོང་པ་ཞིག་ལ་འདི་འདྲའི་རླབས་ཆེ་བའི་རིག་གནས་སྲུང་སྐྱོང་གི་ལྷག་བསམ་དཀར་པོའི་བསམ་པ་ཞིག་ཡོད་པ་ནི་ང་ཚོ་དགའ་མགུ་ཡི་རང་སྐྱེ་འོས་པ་ཞིག་མ་ཡིན་ནམ།
དགའ་ལྡན་པའི་བླ་རྒྱུད། སྨན་གསར་ཞལ་ཐང་། དུས་རབས་16པ། ཆེ་ཆུང་(96CM×45CM)
黄帽上师 新勉画派 16世纪 规格: (96CM×45CM)


འགྲོ་མགོན་སངས་རྒྱས་རིན་ཆེན། ཀརྨ་སྒར་བྲིས་ལུགས་ཀྱི་ཞལ་ཐང་། དུས་རབས་17པ། ཆེ་ཆུང་(107CM×60CM)
卓贡桑结仁钦 嘎玛嘎孜画派 17世纪 规格: (107CM×60CM)

ནམ་མཁའ་རྒྱལ་པོ། སྨན་གསར་ལུགས་ཀྱི་ཞལ་ཐང་། དུས་རབས་17པ། ཆེ་ཆུང་(90CM×62CM)
南喀加布 新勉画派 17世纪 规格: (90CM×62CM)
རྣམ་པར་རྒྱལ་བའི་སྒྲོལ་མ། ཀརྨ་སྒར་བྲིས་ལུགས་ཀྱི་ཞལ་ཐང་། དུས་རབས་17པ། ཆེ་ཆུང་(81CM×56CM)
殊胜增益救度度母 噶玛噶孜画派 17世纪 规格: (81CM×56CM)


དབང་ཕྱུག་ཆེན་མོ། སྨན་གསར་ལུགས་ཀྱི་ཞལ་ཐང་། དུས་རབས་18པ། ཆེ་ཆུང་(80CM×55CM)
红色欲帝和白达里空行母 新勉画派 18世纪 规格: (80CM×55CM)



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1