ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་ལ་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-04


        སྤྱི་ཟླ་11པའི་ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལེ་ཞི་ཡའི་ཙུང་ལི་ན་ཅི་པུའུ་ལ་མཇལ་འཕྲད་གནང་།

        ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་42འགོར་བའི་རིང་ལ་ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་ཕན་ཚུན་ལ་ཡིད་ཆེས་བྱེད་པའི་མཉམ་གནས་བགྲོད་ལམ་རྒྱུན་འཁྱོངས་བྱས་ཤིང་། འདྲ་མཉམ་གཉིས་ཕན་དང་རོགས་རམ་མཉམ་རྒྱལ་གྱི་མཉམ་ལས་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་། འབྲེལ་འདྲིས་དམ་པོ་དང་ཕན་ཚུན་ལ་བཟོད་སྒོམ་བྱེད་པའི་མཉམ་ལས་རྣམ་པ་རྒྱུན་འཁྱོངས་བྱས། ཀྲུང་གོ་དང་མ་ལེ་ཞི་ཡའི་ཁྱིམ་མཚེས་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་ཕྱོགས་གཉིས་ཀྱི་གཞི་རྩ་དང་ཡུན་རིང་གི་ཁེ་ཕན་དང་མཐུན། ཀྲུང་གོའི་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་སྔར་ལས་ཕུན་སུམ་ཚོགས་པར་གཏང་འདོད་པར་མ་ཟད།  ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཅེས་བསྟན། 
        ན་ཅི་པུའུ་ཡིས་བཤད་རྒྱུར། མ་ལེ་ཞི་ཡ་དང་ཀྲུང་གོ་ནི་མཛའ་མཐུན་ཁྱིམ་མཚེས་དང་ཡིད་རྟོན་རུང་བའི་གྲོགས་པོ་བཟང་བོ་ཡིན། དེང་སྐབས་མ་ལེ་ཞི་ཡ་དང་ཀྲུང་གོ་བར་གྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་འགྲོ་བཞིན་ཡོད་པ་དེས་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་སྣ་མང་ཅན་གྱི་མཉམ་ལས་དར་རྒྱས་གོང་འཕེལ་དུ་འགྲོ་བ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆེས་མཐོ་བའི་ཆུ་ཚད་དུ་སླེབས་པར་ནུས་པ་ཆེན་པོ་འདོན་ངེས་ཡིན། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་སྤྱི་ཁོག་ནང་དུ་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། འགྲིམ་འགྲུལ་སྐྱེལ་འདྲེན། གྲུ་ཁའི་འཛུགས་སྐྲུན་སོགས་མཉམ་ལས་ལ་ཤུགས་སྣོན་པ་དང་མི་གཞུང་བརྗེ་རེས་སྔར་ལས་ཇེ་མང་དུ་གཏང་འདོད་ཅེས་བསྟན།། 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1