ལི་ཁེ་ཆང་གིས་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-09


        སྤྱི་ཟླ་11པའི་ཚེས་8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མོ་སི་ཁོའི་ལིན་མོའུ་ལིན་ཕོ་བྲང་དུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་དང་མཇལ་འཕྲད་གནང་།
        ལི་ཁེ་ཆང་གིས་ཐོག་མར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་སྲིད་ཕུའུ་ཅིན་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་བརྒྱུད་སྒྲོག་གནང་། ཁོང་གིས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་ནི་ཆེས་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་དང་ཁྱོན་ཡོངས་འཐབ་ཇུས་ཀྱི་མཉམ་ལས་གྲོགས་པོ་ཡིན། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དང་མཉམ་ལས་དུས་དང་རྣམ་པ་ཀུན་དུ་གཏན་འཇགས་ངང་འཕེལ་རྒྱས་སུ་ཕྱིན་ནས་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་བཞིན་ཡོད། རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ཕྱོགས་གཉིས་ཀར་ཕན་པ་ཡོད་པར་མ་ཟད། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་གཏན་འཇགས་དང་དར་རྒྱས་གོང་འཕེལ་བཅས་ལའང་ཕན་ནུས་ལྡན་པ་རེད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་དོན་འཁྱོལ་བཟང་བོ་བྱས་ཏེ་ཀྲུང་གོ་དང་ཨུ་རུ་སུའི་བར་གྱི་འབྲེལ་བ་སྔར་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏང་དགོས་ཞེས་བསྟན། 
        ཕུའུ་ཅིན་གྱིས་ཨུ་རུ་སུ་དང་ཀྲུང་གོའི་འགོ་གཙོ་དང་སྲིད་གཞུང་གི་འགོ་གཙོའི་བར་གྱི་འགྲོ་འོང་དམ་ཟབ་ཡིན་པ་དང་། ཕྱོགས་གཉིས་ཀྱི་སྲིད་གཞུང་བར་གྱི་མཉམ་ལས་འཁོར་བསྐྱོད་བདེ་བླག་ཡིན། ཐེངས་འདིར་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ཡིས་རྒྱལ་ཁའི་ངང་དུས་བཅད་གྲོས་མོལ་གནང་བ་དེས་ཕྱོགས་གཉིས་ཀྱི་དངོས་དོན་མཉམ་ལས་འཕེལ་རྒྱས་སུ་གཏོང་བར་ཡར་སྐུལ་གྱི་ནུས་པ་ཐོན་ངེས། ཨུ་རུ་སུའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་བར་གྱི་དངུལ་འཇོག་རྒྱ་སྐྱེད་དང་། མྱུར་བགྲོད་ལྕགས་ལམ་དང་དངུལ་ལོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པར་སྐུལ་འདེད་གཏང་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1