སི་ཁྲོན་གྱི་སྲིད་འཛིན་སྡེ་བ་ཡོངས་ཀྱིས་ཞིང་བའི་མཚན་མོའི་སློབ་གྲྭ་སྒྲུབ་གཉེར་བྱ་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-15


         རང་རེའི་ཞིང་ཆེན་གྱི་སྲིད་འཛིན་སྡེ་བ་ཡོངས་ཀྱིས་ཞིང་བའི་མཚན་མོའི་སློབ་གྲྭ་སྒྲུབ་གཉེར་བྱ་རྒྱུ་རེད། ཉེ་ཆར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་གྲོང་གསེབ་ལས་དོན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་བརྡ་ཐོ་བཏང་སྟེ། སང་ལོའི་ཟླ་དང་པོའི་ཟླ་སྨད་དུ། རང་རེའི་ཞིང་ཆེན་གྱིས་སྡེ་བ་ཡོངས་སུ་ཞིང་བའི་མཚན་མོའི་སློབ་གྲྭས་ཁེབས་པ་མངོན་འགྱུར་ཡོང་བར་བྱ་དགོས་པའི་བླང་བྱ་བཏོན།
          ད་ལོའི་ཟླ་བརྒྱད་པར་རང་རེའི་ཞིང་ཆེན་གྱི་མཐོ་སྒང་བོད་ཁུལ་དང་ལའང་ཧྲན་ཆེ་ཆུང་དབྱིས་རིགས་དབུལ་ཕོངས་ས་ཁུལ་དུ་ཞིང་བའི་མཚན་མོའི་སློབ་གྲྭ་འཛུགས་གཉེར་བྱ་རྒྱུའི་ཐག་བཅད། འབྲེལ་ཡོད་ཀྱི་རྟག་དཔྱད་ཞིབ་འཇུག་བྱས་པ་ལས། ཞིང་བའི་མཚན་མོའི་སློབ་གྲྭ་སྒྲུབ་གཉེར་བྱེད་པ་དེའི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་ཇུས་གལ་ཆེན་སྒྲོག་འདོན་དང་། དབུལ་སེལ་འགག་སྒྲོལ། གྲོང་མིའི་གནས་སྤོ་དང་གོམས་སྲོལ་སྒྱུར་བ་སོགས་ཀྱི་བྱ་བའི་ཐད་དུ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པ་རེད། དེའི་ཕྱིར་རང་རེའི་ཞིང་ཆེན་གྱི་ཞིང་བའི་མཚན་མོའི་སློབ་གྲྭ་སྒྲུབ་གཉེར་བྱ་རྒྱུ་དེ་གྲོང་ཚོ་ཡོངས་སུ་ཁེབས་པར་བྱ་རྒྱུའི་ཐག་བཅད་པ་རེད། དེ་མིན་བླང་བྱ་ལྟར་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་གྲོང་ཚོ་ཡོངས་སུ་ཞིང་བའི་མཚན་མོའི་སློབ་གྲྭ་དེ་ད་ལོའི་ཟླ་བཅུ་གཅིག་པའི་ཟླ་སྨད་ཀྱི་སྔོན་དུ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་རྒྱུ་དང་། ཟླ་བཅུ་གཉིས་པའི་ཟླ་སྨད་ཀྱི་སྔོན་དུ་ཁྱོན་ཡོངས་ནས་འཛིན་གྲྭ་འགོ་ཚུགས་ནས་སློབ་ཁྲིད་བྱ་རྒྱུ།དབུལ་ཕོངས་མིན་པའི་སྡེ་བར་ཞིང་བའི་མཚན་མོའི་སློབ་གྲྭ་དེ་སང་ལོའི་ཟླ་དང་པོའི་ཟླ་སྨད་ཀྱི་སྔོན་དུ་ཁྱོན་ཡོངས་ནས་འཛིན་གྲྭ་བཙུགས་ཏེ་སློབ་ཁྲིད་བྱ་རྒྱུ་རེད། 
          དོ་དམ་ཀྱི་ཕྱོགས་ནས་དབུལ་ཕོངས་སྡེ་བའི་ཞིང་བའི་མཚན་མོའི་སློབ་གྲྭ་དེ་གྲོང་གསེབ་ཏུ་བཅའ་སྡོད་བྱས་པའི་བྱ་བའི་ཚན་གཙོ་སམ་ཧྲུའུ་ཅི་དང་པོའི་འགན་ཁུར་རྒྱུ་དང་། དབུལ་ཕོངས་གྲོང་གསེབ་མིན་པའི་ཞིང་བའི་མཚན་མོའི་སློབ་གྲྭ་དེ་གྲོང་ཚོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་ཁུར་རྒྱུ་རེད། ཞིང་བའི་མཚན་མོའི་སློབ་གྲྭའི་ཉིན་རྒྱུན་གྱི་བྱ་བ་དེ་སློབ་ཆེན་སློབ་མའི་སྡེ་དཔོན་དང་གྲོང་ཚོ་རིམ་པའི་རྗེས་སྒྲུབ་ལས་བྱེད་པ། ཕུལ་བྱུང་གི་ཏང་ཡོན་བཅས་ཀྱི་ཁྲོད་ནས་ཆེད་ལས་ཀྱི་འགན་ཁུར་མི་སྣ་བདམས་ཏེ་འགན་ཁུར་དུ་འཇུག་རྒྱུ་རེད། དགེ་རྒན་གྱི་དཔུང་ཁག་རྩ་འཛུགས་བྱེད་པའི་ཐད་དུ། འགོ་ཁྲིད་ལས་བྱེད་པ་དང་ལག་རྩལ་ཆེད་མཁས་པ། སློབ་གྲྭའི་དགེ་རྒན། ཕྱུགས་འགྱུར་འཇོན་མི་སོགས་ཀྱི་མི་སྣའི་ཁྲོད་ནས་ཕུལ་བྱུང་གི་དགེ་རྒན་བདམས་ནས། ཞིང་བའི་མཚན་མོའི་སློབ་གྲྭ་རེ་ལ་མ་མཐའ་ཡང་གཏན་འཇགས་ཀྱི་དགེ་རྒན་དང་བྱང་ཚད་མཐོ་བའི་དགེ་རྒན་དྲུག་རེ་ཡོད་པར་བྱ་དགོས། དེ་མིན་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་།འབྲེལ་གཏུགས་སྡེ་ཁག་གི་འགན་ཁུར་མི་སྣ་གཙོ་བོ། གྲོང་ཚོ་རུ་བཅའ་སྡོད་བྱས་ནས་དབུལ་སྐྱོར་བྱ་བ་སྒྲུབ་མཁན་གྱི་ལས་བྱེད་པ་དང་ཧྲུའུ་ཅི་དང་པོའི་སྣེ་ཁྲིད་དེ་སློབ་ཁྲིད་བྱེད་པ་དང་། རིམ་པ་སོ་སོའི་ཏང་ཡོན་གྱི་དགེ་རྒན་རྣམས་དུས་ཚོད་ངེས་གཏན་གྱི་ནང་དུ་གཞི་རིམ་དུ་སློབ་ཁྲིད་བྱེད་པར་བསྐྱོད་དགོས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1