ཞི་ཅིན་ཕིང་གིས་ཁུ་པ་གསར་བརྗེ་གཙོ་འཛིན་ཧྥེ་ཏེར་ཁ་སི་ཐི་རུའོ་སྐུ་གཤེགས་པའི་ཐད་ནས་ཁུ་པ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ལའོ་ཨར་ཁ་སི་ཐི་རུའོ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་གསར་འགྱུར་དྲ་བ། སྤེལ་དུས། 11-28


        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་26ཉིན་ཁུ་པ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་པོ། རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ལའོ་ཨར་ཁ་སི་ཐི་རུའོ་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་སྟེ། ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་མཛད་པར་མ་ཟད། རང་ཉིད་ཀྱི་མཚན་ཐོག་ནས་བློ་མཐུན་ཧྥེ་ཏིར་ཁ་སི་ཐི་རུའོ་སྐུ་གཤེགས་པར་སྐྱོ་གདུང་ཆེན་པོས་མྱ་ངན་ཞུས་པ་དང་། ཁོའི་ཁྱིམ་མིར་སེམས་གཏིང་ནས་འཚམས་འདྲི་ཞུས།
        ཞི་ཅིན་ཕིང་གིས་མྱ་ངན་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཁུ་པའི་གསར་བརྗེ་མགོ་ཁྲིད་པ་ཧྥེ་ཏིར་ཁ་སི་ཐི་རུའོ་སྟབས་མ་ལེགས་པར་སྐུ་གཤེགས་པ་གོ་རྗེས། ངས་ཀྲུང་གོ་གུང་ཁྲན་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་བྱས་པ་དང་། ང་རང་ཉིད་ཀྱི་མིང་ཐོག་ནས་བློ་མཐུན་ཧྥེ་ཏིར་ཁ་སི་ཐི་རུའོ་སྐུ་གཤེགས་པར་སྐྱོ་གདུང་ཆེན་པོས་མྱ་ངན་ཞུས་པ་དང་། ཁོའི་ཁྱིམ་མིར་སེམས་གཏིང་ནས་འཚམས་འདྲི་ཞུས་པ་ཡིན།
        བློ་མཐུན་ཧྥེ་ཏིར་ཁ་སི་ཐི་རུའོ་ནི་ཁུ་པ་གུང་ཁྲན་ཏང་དང་ཁུ་པ་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་གསར་སྐྲུན་པ་ཡིན་ལ། ཁུ་པ་མི་དམངས་ཀྱི་རླབས་ཆེན་གཙོ་འཛིན་ཡང་ཡིན། ཁོས་རང་ཉིད་ཀྱི་མི་ཚེ་ཧྲིལ་པོ་ཁུ་པ་མི་དམངས་ཀྱི་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ལས་དོན་ལ་ཕུལ་ཏེ། ཁུ་པ་མི་དམངས་ཀྱི་དོན་དུ་ཉམས་པ་མེད་པའི་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག་པར་མ་ཟད། འཛམ་གླིང་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་སུ་གཏོང་བར་ཉམས་པ་མེད་པའི་ལོ་རྒྱུས་རང་བཞིན་གྱི་བྱས་རྗེས་བཞག བློ་མཐུན་ཧྥེ་ཏིར་ཁ་སི་ཐི་རུའོ་ནི་ང་ཚོ་དུས་རབས་འདིའི་རླབས་ཆེན་མི་སྣ་ཡིན་པས། ལོ་རྒྱུས་དང་མི་དམངས་ཀྱིས་ཁོང་ཉིད་བརྗེད་མི་སྲིད་ཅེས་གསུངས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1