ཞིང་དཔོན་དབྱི་ལི་ཡིས་ལིའུ་ཧེ་ཡི་སྣེ་ཁྲིད་པའི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ལས་ཁུངས་ཀྱི་མཉམ་འབྲེལ་རྟག་དཔྱད་ཞིབ་འཇུག་ཚན་ཆུང་ལ་འཇལ་འཕྲད་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-28


             སྤྱི་ཟླ་11པའི་ཚེས་27ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཡིས་ལིའུ་ཧེ་ཡི་སྣེ་ཁྲིད་པའི་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་ལས་ཁུངས་ཀྱི་མཉམ་འབྲེལ་རྟག་དཔྱད་ཞིབ་འཇུག་ཚན་ཆུང་ལ་འཇལ་འཕྲད་གནང་།
            དབྱི་ལི་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་སོགས་རྒྱལ་ཁབ་ཀྱི་པུའུ་ཨུ་ཡིས་དུས་ཡུན་རིང་བོར་སི་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐད་དུ་རྒྱབ་སྐྱོར་གནང་བར་དཀའ་དྲིན་ཞུས། ཁོང་གིས་སི་ཁྲོན་ནི་མི་རིགས་མང་བའི་ཞིང་ཆེན་ཞིག་ཡིན་པས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་ནམ་ཡང་མི་རིགས་བྱ་བ་དེ་ཁྱོན་ཡོངས་རང་བཞིན་གྱི་བྱ་བར་བརྩིས་ནས་དམ་འཛིན་བྱས་པ་དང་། ཧུར་ཐག་གིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས། སྤྱི་ཚོགས་ཡར་ཐོན་ཡོང་བ་བཅས་ཀྱི་ཐད་ལ་སྐུལ་འདེད་བཏང་། མིག་སྔར་སི་ཁྲོན་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་དུས་སྐབས་སུ་གནས་པས། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་གི་པུའུ་ཨུ་ཡིས་མུ་མཐུད་དུ་སི་ཁྲོན་ལ་རོགས་སྐྱོར་བྱས་ནས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་དོན་ཆེན་གསུམ་དམ་འཛིན་ཡོང་བར་བྱས་ཏེ། མི་རིགས་སོ་སོས་མཉམ་གཅིག་ཏུ་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་ཕྱུག་འགྱུར་དང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་རོགས་བྱ་དགོས་པའི་རེ་བ་ཡོད་ཅེས་བསྟན།
             ལིའུ་ཧེ་ཡིས་མཉམ་འབྲེལ་རྟག་དཔྱད་ཞིབ་འཇུག་ཚན་ཆུང་གིས་མི་འགྱངས་བར་སི་ཁྲོན་དུ་སྤེལ་རྒྱུ་ཡིན་པའི་བྱེད་སྒོའི་འབྲེལ་ཡོད་ཀྱི་གནས་ཚུལ་སྐོར་ནས་ངོ་སྤྲོད་གནང་། མོས་སི་ཁྲོན་གྱིས་མི་རིགས་བྱ་བའི་ཁྲོད་ཆགས་པའི་སྲོལ་རྒྱུན་བཟང་བོ་དང་། ཉམས་མྱོང་སྐོར་ལ་སྤྱི་བསྡོམས་ལེགས་པོ་བྱེད་རིན་ཡོད་ལ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་སི་ཁྲོན་གྱི་མི་རིགས་ལས་ཀ་གསར་སྐྲུན་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་རྒྱབ་སྐྱོར་དང་རང་ནུས་གང་ཡོད་འདོན་འདོད་ཡོད་པར་མ་ཟད། མཉམ་གཅིག་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་བྱ་བཞག་གསར་སྐྲུན་བྱེད་པར་འབད་བརྩོན་བྱ་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1