༄༅།།སྒྲོན་མེ་ལགས།

པདྨ་དབང་ཆེན། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-12



ལམ་གྱི་བདེན་པ་ངོ་སྤྲད་ཅིང་། །
ཡང་དག་ལྟ་བའི་གནད་སྟོན་པའི། །
མཁས་གྲུབ་སྟོང་གི་གཙུག་རྒྱན་ཉིད། །
ངེས་དོན་མཁས་པའི་དབང་པོ་ལགས། །
ཡ་རབས་དྲང་བའི་ལམ་དང་ནི། །
ཚུལ་དང་ལྡན་པའི་སྤྱོད་པ་གཉིས། །
དུས་མཐར་ཤིན་ཏུ་གལ་ཆེ་ཞེས། །
གདམས་པའི་གནད་ཀྱི་སྙིང་པོར་གསུངས། །
སྐྱ་སེར་རིས་སུ་མ་ཆད་པར། །
ཐོས་བསམ་རྣལ་མ་བྱེད་པ་དང་། །
རྒྱུ་འབྲས་ལམ་དུ་བསྐྱོད་དགོས་ཞེས། །
གནད་ལ་འཁེལ་བའི་ལམ་འདི་གནང་། །
ཁོར་ཁུག་བདག་སྲུང་བྱེད་དང་གཅིག །
སྐད་ཡིག་སློབ་སྦྱོང་བྱེད་དང་གཉིས། །
ནད་ངན་སྔོན་འགོག་བྱེད་དང་གསུམ། །
བོད་ལ་དགོས་པའི་ཆ་རྐྱེན་ཡིན། །
བྱམས་དང་སྙིང་རྗེས་སེམས་རྒྱུད་ཕྱུག །
ཚུལ་ལྡན་སྤྱོད་པས་ཀུན་ཡིད་འགུག །
ཤེས་ཡོན་རིག་པས་སྔོན་དུ་བསྐྱོད། །
ཆོས་ལྡན་བོད་པ་སྲིད་འདིར་མཛེས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1