རྣམ་པ་སྣ་མང་ལྡན་པའི་འབའ་གཞས།

ཕུན་ཚོགས་བཀྲ་ཤིས་ནས། ཐུབ་བསྟན་གྱིས་པར་བླངས། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།མི་རིགས། སྤེལ་དུས། 01-16


འབའ་བ་སྐྱིད་པའི་ཐོག་ལ། །
དབྱར་གྱི་སྟོན་ཐོག་གཉིས་བརྩེགས། །
དགོན་པ་ཆོས་ས་དར་བ། །
ནོར་བུ་མིན་ན་གང་ཡིན། །

        ཞེས་པ་སོགས་འབའ་གཞས་རིམ་བཞིན་བོད་གངས་ཅན་ཡོངས་ལ་ཁྱབ་གདལ་གཏིང་ཟབ་ཏུ་སོང་བ་མ་ཟད། འཛམ་བུ་གླིང་དུའང་སྐད་གྲགས་ཡོད་ཅིང་། ལོ་རྒྱུས་ཀྱི་ཡུན་རིང་ལ་ནང་དོན་ཡང་ཕུན་སུམ་ཚོགས་པ་ཡོད་པ་རེད། བཤད་སྲོལ་ལྟར་ན་འབའ་གཞས་ཀྱི་ལོ་རྒྱུས་ཧ་ལམ་ལོ་ངོ་སྟོང་ཕྲག་གཅིག་ལྷག་ཙམ་ལྡན་ཏེ། མཁས་དབང་ཁ་ཤས་ཀྱིས་ཞིབ་འཇུག་བྱས་པའི་འབྲས་བུར་གཞིགས་ན། འབའ་གཞས་དར་བའི་ལོ་རྒྱུས་དེ་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་སྐབས་སུ་ཡོད་པའི་བཤད་སྲོལ་ཡོད་པ་དང་། གང་ལྟར་བཤད་སྲོལ་མི་འདྲ་བ་མང་པོ་ཡོད། འབའ་གཞས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པར་ཀུན་གྱིས་ཁས་ལེན་དང་ར་སྤྲོད་བྱས་ཡོད་པ་རེད།

        འབའ་གཞས་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་ཁམས་བོད་མི་དམངས་ཀྱི་ཐོན་སྐྱེད་འཚོ་བ་དང་རིག་གནས་དཔལ་འབྱོར། ལོ་རྒྱུས་དང་ཡུལ་སྲོལ་གོམས་གཤིས། རང་བྱུང་ཁོར་ཡུག་དང་མི་རིགས་ཀྱི་འབྲེལ་བ་ལ་སོགས་པ་ཚུད་ཡོད་ཅིང་། གཞས་ཚིག་མང་ཤོས་ནི་མཛེས་སྡུག་ཕ་ཡུལ་གྱི་འབྱོར་ཕྱུག་དང་བདེ་སྐྱིད་ལ་བསྔགས་བརྗོད་བྱས་ཡོད་ལ། ད་དུང་གངས་རི་དང་རྩྭ་ཐང་། ཞིང་ཁའི་མཛེས་ལྗོངས། རང་བྱུང་གི་རི་ཀླུང་སོགས་ལ་སེམས་གཏིང་ནས་དགའ་ཞེན་ཡོད་པར་སྨོན་ལམ་དང་བསྟོད་པ་བྱས་ཡོད། དེ་མ་ཚད་འབའ་བའི་ཕོ་མོ་ཕན་ཚུན་དྲི་མེད་རྣམ་དག་གི་དགའ་སེམས་དང་མཛའ་བཤེས་སོགས་གླུ་གཞས་ཀྱི་སྟེང་ནས་བསྔགས་བརྗོད་གཏོང་གི་ཡོད་པ་རེད། དཔེར་ན། དཀར་གསལ་ཟླ་བ་གཞོན་ནུ། །མཛེས་བསམ་སྙམ་པ་མ་གནང་། །ཆུང་འདྲིས་བྱམས་པའི་ཞལ་རས། །ཟླ་བ་ལས་ཀྱང་མཛེས་པ། །ཞེས་པ་ལྟ་བུ་དགའ་སེམས་མཚོན་པའི་གཞས་ཚིག་ཀྱང་ཡོད་པ་རེད། འབའ་གཞས་ཁྱབ་གདལ་ཕྱིན་པའི་ལོ་རྒྱུས་ཡུན་རིང་ཞིང་ཡུལ་དེ་གའི་མི་དམངས་རྣམས་ཀྱིས་བགྲང་བྱ་ཡུན་རིང་ཁྲོད་ཐོན་སྐྱེད་དང་འཚོ་བ་ལས་བརྩམས་པའི་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཞས་ཚིག་སྟོང་ཕྲག་དུ་མ་ཡོད་པ་དང་། དེ་ནི་ཕུན་སུམ་ཚོགས་པའི་རིག་གནས་རྩ་ཆེན་ཞིག་ཀྱང་ཡིན་པ་རེད།

མཉམས་འགྱུར་ལྡན་པའི་འབའ་གཞས་འཆམ་བཞིན་པ།

        འབའ་གཞས་དར་བ་ནས་བཟུང་། འབའ་ཐང་མི་དམངས་ཀྱིས་རྒྱུན་ལྡན་འཚོ་བའི་ནང་རོལ་རྩེད་བྱེད་སྒོའི་ནང་དོན་གཙོ་བོ་བྱས་ནས་དགའ་འཛོམས་དང་། གཉེན་སྟོན་ཐོག་མེད་དུ་མི་རུང་བའི་རིག་རྩལ་ཞིག་ཡིན་ཞིང་། ཕོ་མོ་རྒན་གཞོན་རྣམས་འཚང་ཁའི་ངང་ནས་གཞས་འཁྲབ་པ། གཞས་ཚིག་ཀྱང་བྱེད་སྒོའི་ནང་དོན་ལ་བརྟེན་ནས་ཚིག་བཙུགས་ཏེ་གཞས་འཁྲབ་པ། དཔེར་ན། ཕ་ཡུལ་ལ་བསྟོད་པའི་གཞས་ལས། བཀྲ་ལ་ཤིས་པའི་གཞས་རེད། །གཡང་ལ་ཆགས་པའི་གཞས་རེད། །སྐྱིད་པོ་ཕ་ཡུལ་ལུང་པ། །འགྱུར་བ་མེད་པའི་གཞས་རེད། །ཞེས་པ་ལྟ་བུའོ། ཕོ་མོ་ཕན་ཚུན་བར་གྱི་བརྩེ་དུང་མཚོན་པའི་གཞས་ཚིག་ལ། བདག་གི་ཆུང་འདྲིས་བྱམས་པ། །གཤིས་བཟང་རྣམ་ཤེས་དྭངས་པ། །གསུང་ཚིག་དར་ལས་འཇམ་པ། །སེམས་ཉིད་དུང་ལས་དཀར་བ། །ལྟ་བུའོ།

 བྱ་ཁྱུང་གྲོང་འབའ་ཐང་གི་རྣམ་ཡོངས།

        འབའ་ཐང་གི་གནའ་རབས་དང་དེང་རབས་ཀྱི་ལོ་རྒྱུས་རིག་གནས་ཕུན་སུམ་ཚོགས་པོ་ཡོད་པ། དེས་མཚོན་པའི་གཞས་དེ་ཉིད་རྒྱུན་འཛིན་དང་དར་སྤེལ་བྱས་ནས་འབའ་གཞས་ནོར་བུ་དགོས་འདོད་ཀུན་འབྱུང་དེ་དབྱར་མཚོ་རྒྱས་པ་ལྟར་ཡར་རྒྱས་བཏང་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་། འབའ་ཐང་རྫོང་གིས་ཤུགས་ཆེན་པོས་མི་ཤུགས་དང་ནོར་ཤུགས་མང་པོ་བཏང་ནས་འབའ་གཞས་མྱུར་སྐྱོབ་བྱས་ཏེ། འབའ་གཞས་སྒྲ་ཕབ་དང་བརྙན་ཕབ། འབའ་བའི་གཞས་ཚིག་བསྡུ་རུབ་བཅས་ཀྱི་བྱ་བ་བྱས་ནས"འབའ་གཞས་ཀྱི་ཕ་ཡུལ"ཞེས་པ་གསར་སྐྲུན་བྱས་ཡོད་པ་དང་ཆབས་ཅིག རྒྱལ་ཁབ་རིག་གནས་པུའུ་ཡིས"ཀྲུང་གོའི་གཞས་བྲོའི་ཕ་ཡུལ"ཞེས་པའི་མཚན་སྙན་གནང་བ་རེད།

འབའ་གཞས་དེ་རྒྱ་ཁྱབ་རང་བཞིན་དང་མང་ཚོགས་རང་བཞིན་ལྡན་པའི་གཞས་བྲོ་ཡིན་གཤིས་འབའ་ཐང་མི་དམངས་ཀྱི་རྒྱུན་ལྡན་འཚོ་བའི་ནང་མེད་དུ་མི་རུང་བའི་རིག་གནས་འཚོ་བ་ཞིག་ཏུ་ཆགས་ཡོད་པ་དང་། སྔོན་མའི་རོལ་རྩེད་སྣ་གཅིག་གི་བྱེད་སྟངས་ཐོག་ནས་དེང་སང་བཟོ་ལྟ་སྣ་མང་ལྡན་པའི་རོལ་རྩེད་བྱེད་སྒོ་ཞིག་ཏུ་གྱུར་ཡོད། འབའ་གཞས་དེ་འབའ་ཐང་མི་དམངས་ཀྱི་སེམས་གཏིང་དུ་གོ་གནས་གལ་ཆེན་བཟུང་ཡོད་ཅིང་། ཉིན་རེ་ལས་ཉིན་རེར་དོ་སྣང་དང་མཐོང་ཆེན་བྱེད་ཀྱི་ཡོད་པ་རེད། །

འབའ་གཞས་འཆམ་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1