༄༅།། འཛད་སྤྱོད་པར་བློ་ཡུལ་ལས་འདས་པའི་རྨས་སྐྱོན་ཕོག་ན།གུན་གསབ་འཇལ་སྤྲོད་ཀྱི་འགན་སུས་འཁུར་དགོས།

ཚེ་བརྟན་སྒྲོལ་མས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 01-22


【གྱོད་དཔེ།】 
        2010ལོའི་ཟླ་2པའི་ཚེས་10ཉིན། ཕྱི་ཡུལ་དུ་སོང་ནས་ལོ་མང་འགོར་བའི་ཉི་མ་ཕྱིར་རང་ཡུལ་དུ་ལོག ཁོའི་གྲོགས་པོ་བཟང་པོ་འགས་ཟ་ཁང་ཞིག་ནས་ཆེད་དུ་ཇ་ཆང་གི་མགྲོན་བསུ་སྣེ་ལེན་བྱས། ཉིན་དེར་ཁོ་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་ཟས་ཟ་ཞོར་དང་ཆང་འཐུང་ཞོར། དགོད་ཁ་སློང་ཞོར་དུ་ཡུན་རིང་བསྡད་པས་རིམ་གྱིས་ཉི་མ་བཟི་སྣང་བྱུང་། སྐབས་དེར་ཉི་མ་ནི་ནམ་རྒྱུན་མི་འདྲ་བར་ཤ་ལྷོད་ཅིང་རྐང་པ་གཉིས་དཀྱིལ་ཀྲུང་གིས་རྐུབ་སྟེགས་ལ་རྒྱབ་བསྙེས་ཏེ་སྡོད་སྐབས། སྟབས་མ་ལེགས་པར་རྐུབ་སྟེགས་གློ་བུར་དུ་རྒྱབ་ཕྱོགས་སུ་འགྱེལ་བྱུང་བ་དང་། ཁོས་ཀྱང་ལོབས་ཕྱོགས་ཀྱིས་ལག་གཡོན་པ་སར་བསྲིངས་ནས་ལུས་ཕུང་ཡར་བཀྱག་པས། ཏག་ཏག་ལག་པ་ནི་ཤེལ་སྒོ་ཕྱེད་ཀར་ཆག་སྐྱོན་ཤོར་བའི་ཆང་ཁང་གི་ཆ་སྒམ་དུ་ཤོར་ཏེ། ལག་པའི་མཁྲིག་མ་དང་ལག་མཛུབ་ལ་རྨས་སྐྱོན་ཤོར། དེ་ནས་སྨན་ཁང་དུ་སོང་སྟེ་བརྟག་དཔྱད་བྱས་པ་ན། མཁྲིག་མའི་རྒྱུས་པ་དང་སྡོད་རྩ་བཅད་ནས་དབང་རྩ་གཤགས་བཅོས་ཀྱི་ཐད་ལ་བསྡོམས་པས་སྒོར་4200གི་སྨན་ཡོན་སོང་། ཕྱིས་སུ་ཉི་མས་ཁྲིམས་ཁང་གི་ཕྱོགས་ལ་གཏུག་ཡིག་གོང་འབུལ་བྱས་ཏེ། སྨན་བཅོས་འགྲོ་སོང་སྒོར་4200དེ་ཆང་ཁང་གི་བདག་གཉེར་བས་གུན་གསབ་འཇལ་སྤྲོད་བྱ་དགོས་པའི་རེ་བ་བཏོན་པ་རེད། 
        ཁྲིམས་རོགས་དཔྱད་བརྗོད། 
        འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་ནང་དུ། བདེ་འཇགས་ཁག་ཐེག་གི་ཁེ་དབང་ནི་འཛད་སྤྱོད་པའི་ཁྲིམས་གསལ་ཁེ་དབང་གི་ཐོག་མར་བཀོད་པ་དེས་ཁེ་དབང་འདི་ཡི་གལ་ཆེན་རང་བཞིན་མངོན་པར་མཚོན་ཡོད་པ་ཡིན། འཛད་སྤྱོད་པའི་བདེ་འཇགས་ཁག་ཐེག་གི་ཁེ་དབང་ནང་དུ་མི་ལུས་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁག་ཐེག་བྱེད་པའི་ཕྱོགས་གཉིས་འདུས་ཡོད། དེ་ཡང་མི་ལུས་བདེ་འཇགས་ཀྱི་ཁེ་དབང་ནང་དུ་འཛད་སྤྱོད་པས་ལུས་ཕུང་བདེ་ཐང་གི་བདག་དབང་ལ་གནོད་སྐྱོན་མི་ཐེབས་པའི་ཁེ་དབང་གཉིས་འདུས་ཡོད་ལ། ཚོང་གཉེར་བྱེད་མཁན་གྱིས་འདོན་སྤྲོད་བྱས་པའི་ཚོང་ཟོག་གམ་ཞབས་ཞུའི་བྱ་བ་ཡིན་ན་འཛད་སྤྱོད་པར་གནས་ཚུལ་དངོས་གསལ་བཤད་དང་ཉེན་ཟོན་གདམས་ཚིག་གསལ་པོར་སྟོན་དགོས་པ་དང་སྦྲགས། ཚོང་ཟོག་བཀོལ་སྤྱོད་དམ་ཞབས་ཞུ་དང་ལེན་འཁྲུལ་མེད་ཡང་དག་པར་བྱེད་ཐབས་དང་གནོད་སྐྱོན་སྔོན་འགོག་བྱེད་ཐབས་སོགས་གསལ་བཤད་དང་གསལ་འགོད་བྱ་དགོས། བརྒྱ་ལ་ཚོང་གཉེར་བས་འདོན་སྤྲོད་བྱས་པའི་ཚོང་རྫས་དང་ཞབས་ཞུས་འཛད་སྤྱོད་པའི་མི་ལུས་དང་རྒྱུ་ནོར་ལ་གནོད་འཚེ་བཏང་བྱུང་ན། འཛད་སྤྱོད་པར་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་དང་ཚོང་གཉེར་བའི་ཁས་ལེན་ཁ་དན་གཞིར་བཟུང་ནས། ཚོང་གཉེར་བའི་ཕྱོགས་ལ་ཉམས་གསོ་དང་བསྐྱར་བཟོ། བརྗེ་གསོ། ཕྱིར་སློག ཚོང་ཟོག་གི་གྲངས་ཚད་ཁ་གསབ། དངོས་གོང་ཕྱིར་སློག་གམ་གུན་གསབ་འཇལ་སྤྲོད་བཅས་བྱེད་དགོས་པའི་རེ་བ་འདོན་དབང་ཡོད། གྱོད་དཔེ་འདིའི་ནང་དུ། སྐུ་ཞབས་ཉི་མས་ཟ་ཁང་ནས་ཟ་མ་འཛད་སྤྱོད་བྱེད་སྐབས་སམ་ཞབས་ཞུ་དང་ལེན་བྱེད་པའི་གོ་རིམ་ཁྲོད་དུ། བདག་གཉེར་བས་དགོས་ངེས་ཀྱི་ཞབས་ཞུ་ལེགས་སྒྲུབ་མ་བྱས་པའམ་ཡང་ན་ཆང་ཁང་གི་ཆ་སྒམ་གྱི་ཤེལ་སྒོ་ལ་ཆག་སྐྱོན་ཤོར་ཡོད་པ་ཤེས་བཞིན་དུ། ཉེན་ཟོན་གདམས་ཚིག་གམ་གནས་ཚུལ་དངོས་གསལ་བཤད་ཀྱི་འགན་འཁྲི་གང་ཡང་སྒྲུབ་མེད་པས། འདི་ནི་སྐུ་ཞབས་ཉི་མར་རྨས་སྐྱོན་ཕོག་པའི་དོན་རྐྱེན་གྱི་འབྱུང་རྐྱེན་གཙོ་བོ་ཡིན། དེ་ལྟར་ན། ཆང་ཁང་དེ་ལ་ཉི་མའི་སྨན་བཅོས་ཀྱི་གྲོན་དངུལ་དང་གསོ་བཅོས་བྱད་ཡུན་རིང་གི་ནད་གཡོག་གི་འགྲོ་གྲོན། ལས་ཐེབས་ཆག་པའི་འགྲོ་གྲོན་བཅས་འབྲེལ་ཡོད་ཀྱི་གྲོན་དངུལ་ལ་སྐྱིན་ཚབ་འཇལ་དགོས་པའི་འགན་འཁྲི་ཡོད་པ་ཡིན། ཡིན་ནའང་། ཉི་མའི་ཚུལ་མིན་གྱི་འདུག་སྟངས་དང་དོན་རྐྱེན་གྱི་མཇུག་འབྲས་བར་ནའང་འབྲེལ་བ་ངེས་ཅན་ཞིག་ཡོད་པས། དེ་ལའང་དེ་འཚམ་གྱི་ཁག་འགན་ཡོད་པ་ཡིན། དེ་བས་ཁྲིམས་ཁང་གིས་འདུམ་སྒྲིག་བྱས་པར་བརྒྱུད་ཆང་ཁང་གིས་སྐུ་ཞབས་ཉི་མའི་ཕྱོགས་ལ་སྟེར་ཐེངས་གཅིག་གིས་སྒོར་2100ཡིན་གུན་གསབ་འཇལ་སྤྲོད་བྱས། 
        གཞི་འཛིན་སའི་བཅའ་ཁྲིམས། 
        འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས། 
        དོན་ཚན་བདུན་པ། འཛད་སྤྱོད་པས་ཚོང་ཟོག་ཉོ་བ་དང་། བདེ་སྤྱོད་པ། ཞབས་ཞུ་དང་ལེན་བཅས་བྱེད་སྐབས་ལུས་ཁམས་དང་རྒྱུ་ནོར་ལ་གནོད་སྐྱོན་མི་ཕོག་པའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད། 
        འཛད་སྤྱོད་པར་ཚོང་གཉེར་བྱེད་མཁན་གྱིས་ཚོང་ཟོག་དང་ཞབས་ཞུ་འདོན་སྤྲོད་བྱས་པ་རྣམས་ལུས་ཁམས་དང་རྒྱུ་ནོར་ལ་གནོད་སྐྱོན་མི་ཕོག་པར་ཁག་ཐེག་བྱ་དགོས་པའི་རེ་བ་འདོན་པའི་དབང་ཆ་ཡོད། 
        དོན་ཚན་བཅུ་གཅིག་པ། འཛད་སྤྱོད་པས་ཚོང་ཟོག་ཉོས་པ་དང་། བེད་སྤྱད་པ། ཡང་ན་ཞབས་ཞུ་དང་ལེན་བྱས་པའི་རྐྱེན་གྱིས་མི་ལུས་དང་རྒྱུ་ནོར་ལ་གནོད་སྐྱོན་བྱུང་ན་བཅའ་ཁྲིམས་ལྟར་སྐྱིན་ཚབ་ཐོབ་པའི་ཁེ་དབང་ཡོད། 
        དོན་ཚན་བཅོ་བརྒྱད་པའི་དོན་ཆུང་དང་པོ། ཚོང་གཉེར་བྱེད་མཁན་གྱིས་རང་གིས་འདོན་སྤྲོད་བྱས་པའི་ཚོང་ཟོག་དང་ཞབས་ཞུའི་བྱ་བ་དེ་ཉིད་མི་ལུས་དང་རྒྱུ་ནོར་ལ་གནོད་སྐྱོན་མི་ཕོག་པར་འགན་སྲུང་བྱེད་པའི་རེ་འདུན་དང་མཐུན་པར་ཁག་ཐེག་བྱ་དགོས། མི་ལུས་དང་རྒྱུ་ནོར་ལ་གནོད་སྐྱོན་ཐེབས་སྲིད་པའི་ཚོང་ཟོག་གམ་ཞབས་ཞུའི་བྱ་བ་ཡིན་ན་འཛད་སྤྱོད་པར་གནས་ཚུལ་དངོས་གསལ་བཤད་དང་ཉེན་ཟོན་གདམས་ཚིག་གསལ་པོར་སྟོན་དགོས་པ་དང་སྦྲགས་ཚོང་ཟོག་བཀོལ་སྤྱོད་དམ་ཞབས་ཞུ་དང་ལེན་འཁྲུལ་མེད་ཡང་དག་པར་བྱེད་ཐབས་དང་གནོད་སྐྱོན་སྔོན་འགོག་བྱེད་ཐབས་སོགས་གསལ་བཤད་དང་གསལ་འགོད་བྱ་དགོས། 
        མཇུག་མཐའི་གསལ་འདེབས། 
        འཛད་སྤྱོད་པས་ཚོང་ཟོག་ཉོས་པ་དང་། བེད་སྤྱད་པ། ཡང་ན་ཞབས་ཞུ་དང་ལེན་བྱས་པའི་རྐྱེན་གྱིས་རང་གི་མི་ལུས་ལ་གནོད་སྐྱོན་བཏང་བྱུང་ན། སྨན་བཅོས་ཐད་བཏང་བའི་འགྲོ་གྲོན་ཚད་ལ་ཚོང་གཉེར་བས་གུན་གསབ་འཇལ་སྤྲོད་བྱེད་འགན་འཁུར་དགོས་ལ། དེ་ཡང་གསལ་པོར་བཤད་ན། ལས་ཐེབས་ཆག་པའི་འགྲོ་གྲོན་དང་གསོ་བཅོས་ཀྱི་འགྲོ་གྲོན། ནད་གཡོག་གི་འགྲོ་གྲོན། འགྲིམ་འགྲུལ་འགྲོ་གྲོན། ཞག་སྡོད་ཀྱི་འགྲོ་གྲོན། སྨན་ཁང་ནས་བསྡད་ཡུན་གྱི་འཚོ་བའི་ཁ་གསབ་རོགས་དངུལ། འཚོ་བཅུད་ཐད་ཀྱི་འགྲོ་གྲོན་སོགས་དགོས་ངེས་ཀྱི་འགྲོ་གྲོན་ཡོངས་རྫོགས་གུན་གསབ་བྱེད་འགན་འཁུར་དགོས་པ་ཡིན། །

        2017ལོའི་《གངས་ལྗོངས་ཉི་གཞོན།》དེབ་1ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1