གཙོ་ངོས།>> ཞིབ་འཇུག>>ཀུན་འདུས།

ཚེ་རིང་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༢ཚེས་༡༠ཉིན།

༄༅།། བོད་མིའི་སྲོལ་རྒྱུན་གྱི་བསམ་བློའི་འདུ་ཤེས་ལས་འཕྲོས་ཏེ་ཁོར་ཡུག་སྲུང་སྐྱོབ་ཐད་ཐོན་པའི་དགེ་མཚན་སྐོར་རགས་ཙམ་གླེང་བ།

        ས་གཙང་ཞིང་ཡུལ་བཟང་བའི་མཚོ་བོད་མཐོ་སྒང་གི་གནས་མཆོག་འདིའི་ཁོར་ཡུག་སྲུང་སྐྱོབ་ཐད་ལ་རང་རེའི་མེས་པོ་རྣམས་ཀྱིས་དགེ་མཚན་མི་དམན་པ་ཞིག་ཐོན་ཡོད་ལ། དེ་ནི་མེས་པོ་རྣམས་ལ་མིའི་རིགས་དང་རང་བྱུང་ཁོར་ཡུག་བར་འཆམ་མཐུན་ཡོང་དགོས་པའི་བསམ་བློའི་འདུ་ཤེས་ལེགས་པོ་ཞིག་ཡོད་པས་རེད། དེ་བས་བོད་མིའི་སྲོལ་རྒྱུན་གྱི་བསམ་བློའི་འདུ་ཤེས་ལས་འཕྲོས་ཏེ་ཁོར་ཡུག་སྲུང་སྐྱོབ་ཐད་ཐོན་པའི་དགེ་མཚན་དེ་གལ་ཆེ་བར་སེམས་ནས་རགས་ཙམ་གླེང་བ་ལ། 
གཅིག བསང་མཆོད་དང་འབྲེལ་ནས་ཁོར་ཡུག་སྲུང་སྐྱོབ་ཐད་ཐོན་པའི་དགེ་མཚན། བོད་མི་ཀུན་ལ་དར་སྲོལ་ཆེ་བ་ནི་ཉིན་རྒྱུན་གྱི་བསང་མཆོད་རེད། སྐྱེས་པ་རྣམས་ཀྱིས་ཉིན་རྒྱུན་ཡུལ་ལྷ་གཞི་བདག་ལ་བསང་མཆོད་འབུལ་བ་དེ་ལས་བོད་རིགས་མི་དམངས་ནི་རང་གི་སྐྱེ་ས་སྐྱེས་ཡུལ་ལ་དགའ་བ་ཤེས་ཐུབ། སྔ་རབས་བོད་མི་ཀུན་གྱིས་དེ་ག་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་རང་འགུལ་བྱ་གཞག་ཅིག་ལ་རྩིས་ཡོད་པའི་ངེས་པ་མེད་མོད། འོན་ཀྱང་། ཁོང་ཚོས་རང་ཉིད་ཀྱི་འཚོ་བའི་ཁྲོད་ཀྱི་ཉམས་མྱོང་ལག་བསྟར་བྱས་ནས་རང་བྱུང་ཁམས་ཆེན་མོ་དང་མིའི་རིགས་སྐད་ཅིག་ཙམ་ལའང་ཁ་འབྲལ་མི་ཐུབ་པའི་གནས་ལུགས་དེ་ཤེས་ཡོད། བསང་དུད་ལ་ཁ་དབུགས་གཙང་བསྒྱུར་ནུས་པ་ལྡན་ཏེ། པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི《མནོལ་བསངས》སུ། “ལྷ་མི་ཡོངས་ལ་གྲིབ་ཕོག་པ། །མ་ལུས་བསངས་ཀྱི་མཆོད་པས་བསང་། །བསངས་ཀྱིས་མི་བསང་གང་ཡང་མེད། །མི་གཙང་བ་ནི་ཐམས་ཅད་བསང་། །”ཞེས་བསང་དུད་ལ་ཡུལ་ཁམས་ཀྱི་བཙོག་དྲི་སེལ་བའི་ནུས་པ་དང་མཁའ་དབུགས་གཙང་མར་བསྒྱུར་བའི་ནུས་པ། མི་ཕྱུགས་ཐམས་ཅད་བདེ་ཐང་ཡོང་བར་འཕྲོད་བསྟེན་གྱི་ནུས་པ་ངེས་ཅན་ཐོན་ཡོད་པ་བསྟན་ཡོད། 
གཉིས། ས་ཆུ་དད་མོས་དང་འབྲེལ་ནས་ཁོར་ཡུག་སྲུང་སྐྱོབ་ཐད་ཐོན་པའི་དགེ་མཚན། བོད་ཀྱི་མེས་པོ་རྣམས་ནི་བསྐལ་པ་ཡ་ཐོག་ནས་བཟུང་མདོ་དབུས་མཐོ་སྒང་དུ་འཚོ་བ་རོལ་ཞིང་གཞིས་ཆགས་པ་དང་། ཡུལ་འདིའི་རི་བོ་མཐོན་པོ་དང་གཙང་པོ་ཆེན་པོ། ཡང་ན་མཚོ་དང་མཚེའུ་སོགས་སོ་སོའི་གནས་བདག་ཏུ་ལྷ་ཀླུ་གཉན་གསུམ་ལས་གང་རུང་ཞིག་བཀུར་བའི་སྲོལ་ཆགས་ཡོད། བོད་སྔ་རབས་པའི་ཁ་རྒྱུན་དུ“ཆུ་གཙང་མོ་རྙོག་ན་ཀླུ་མི་དགའ། ། 
        རྩྭ་རྩི་ཤིང་བཅད་ན་ཚེ་མི་རིང་། །རི་བཟང་པོ་བསློགས་ན་ས་མི་དགའ། །དྲི་ངན་པ་བདུགས་ན་གནམ་མི་དགའ། །”ཞེས་དང་། རི་བྲག་སོགས་ནི་གཞི་བདག་གི་མཁར་གྲོང་དང་། སྤང་ཐང་དང་ནེའུ་གསིང་ནི་གཞི་བདག་གི་གྱོན་གོས། རྫ་ཆུ་དང་ན་ཆུ་ནི་གཞི་བདག་གི་ཟུངས་ཁྲག་ཡིན་ཞེས་བརྗོད་སྲོལ་ཡོད་པ་ལས་ང་ཚོའི་བོད་མི་རིགས་ཀྱིས་ས་ཆུ་རི་གསུམ་དངརྩྭ་རྩི་ཤིང་། ནམ་མཁའི་དབྱིངས་སོགས་ལ་བཀུར་ཞིང་དད་པ་དང་སྲུང་སྐྱོབ་བྱེད་པའི་ལྟ་ཚུལ་ལྷང་ངེར་མཐོང་ཐུབ། བོད་མི་མང་ཆེ་བའི་འདུ་ཤེས་ལ་ཀླུ་ནི་མཚོ་དང་མཚེའུ། རྫིང་བུ། ཆུ་མགོ་སོགས་སུ་ཡོད་པར་འདོད་པས་མཚོ་དང་མཚེའུ། རྫིང་བུ། ཆུ་མགོའི་ནང་དུ་རྐང་ལག་དང་གོན་པ་མི་བཀྲུ་ལ། ཤ་ཁྲག་སོགས་མི་བཤལ་བ་དང་མི་གཙང་བའི་དངོས་པོ་མི་འཕེན། གལ་སྲིད་དེ་ལྟར་བྱས་ན་རྐང་ལག་ན་བའམ་ཞ་བ། ཚེ་ཐུང་བ། གང་བྱས་ལམ་དུ་མི་འགྲོ་བ། སྒོ་ཕྱུགས་ནོར་གསུམ་ལ་ཤི་གོད་འབྱུང་བ། བཙའ་སད་སེར་གསུམ་གྱིས་གནོད་པ། ཁྱིམ་ཚང་ལ་ན་ཚ་དང་མཛེ་ནད་སོགས་རྨ་རིགས་སྣ་ཚོགས་འབྱུང་བར་བཤད། དེ་བས་བོད་མི་ཚོས་མཚོ་དང་མཚེའུ། རྫིང་བུ། ཆུ་མགོ ཆུ་ཚན་སོགས་ལ་སྦགས་བཙོག་གཏོང་བར་འཛེམ་པར་མ་ཟད། འོ་མས་མཆོད་པ་དང་མཚོ་གཏེར་སོགས་ཕུལ་ན། འཇིག་རྟེན་ཆུ་བོ་རྣམས་ལྟེམ་མེར་འཁྱིལ་ཅིང་རང་ཉིད་ལ་ལོངས་སྤྱོད་འཕེལ་བའི་འདུ་ཤེས་སེམས་ལ་བཟུང་ཡོད། 
        དེ་ཡང་རང་རེའི་མེས་པོ་རྣམས་ཀྱིས་སྔ་མོ་ནས་ཆུའི་རིན་ཐང་ཡང་རྟོགས་ཡོད་དེ། དཔེར་ན། ས་ཆ་ལ་ལར་བོད་ཟླ་དང་པོའི་ཚེས་གཅིག་ལ་མི་རྣམས་ཀྱིས་ཐོག་མའི་བྱ་བ་ནི་ཉིན་དེའི་ཆུ་གསར་ལེན་རྒྱུ་དེ་རེད། ཉི་འོད་འཕྲོས་དུས། དུད་ཁྱིམ་རེ་རེས་ཆུ་ཟོ་ཁུར་ནས་ཆུ་ལེན་དུ་འགྲོ་བ་དང་ཉི་མ་ཤར་ཕྱོགས་ཀྱི་རི་རྩེ་ནས་འཛུམ་དུས་ཆུ་ཟོའི་ནང་ཆུས་དགང་ཐུབ་པ་བྱུང་ན་དེ་ནི་རྟེན་འབྲེལ་ཆེས་བཟང་པོ་ཞིག་ལ་བརྩི་སྲོལ་ཡོད། ཆུ་གསར་ཁྱིམ་ལ་བླངས་རྗེས་ཐོག་མར་ལྷ་ལ་མཆོད་པ་དང་དེ་ནས་ཇ་བསྐོལ་ཏེ་ཁྱིམ་མི་གང་པོས་ལྷན་དུ་དགའ་དགའ་སྤྲོ་སྤྲོའི་ངང་ནས་ལོ་གསར་བའི་འོ་ཇ་འཐུང་སྲོལ་ཡོད་པར་མ་ཟད། ད་དུང་ཆུ་ལེན་སྐབས་ཆུ་ཁ་ནས་ཡུལ་ལྷ་དང་གནས་བདག་ལ་ཆུ་མཆོད་པའི་སྲོལ་ཡང་ཡོད། ནམ་རྒྱུན་གྱི་འཚོ་བའི་ཁྲོད་ཕ་མ་ཀུན་གྱིས་ཀྱང་རང་གི་བུ་ལ་ཆུ་སྦགས་བཙོག་ཏུ་གཏོང་མི་ཉན་པ་དང་། གལ་ཏེ་སྦགས་བཙོག་བཟོས་ན་རང་ཁྱིམ་ལ་གནོད་འཚེ་འབྱུང་སྲིད་པའི་ཤེས་བྱ་རྣམས་ལྷ་སྒྲུང་གི་ཚུལ་དུ་བཤད་བཞིན་ཡོད་པས། བྱིས་པ་ཞིག་ཡིན་ནའང་ཆུ་ལ་སྦགས་བཙོག་བཟོ་མི་སྲིད། དེ་དག་ལས་རང་རེའི་མེས་པོ་རྣམས་ཀྱི་ཆུ་དང་འབྲེལ་ཏེ་རང་བྱུང་ཁམས་ལ་གོ་གནས་ཅི་འདྲ་ཞིག་བཟུང་ཡོད་པ་མཚོན་ཡོད། གཞན་བོད་མིའི་འདུ་ཤེས་སུ་རྨ་ཆུ་ནི་སྨན་ཆུ་ཞིག་ཏུ་བསམས་ཏེ་ནད་རིགས་ཀུན་འཇོམས་ཀྱི་གཉེན་པོ་ཡིན་པར་བཤད་ཅིང་། ལ་ལས“རྨ་ཆུ”ཞེས་པའི་མིང་ལ་འགྲེལ་བ་བྱེད་དུས་ནད་རིགས་རྨ་ཀུན་སེལ་བར་བྱེད་ནུས་པའི་སྨན་ཆུའམ་ལྷ་ཆུ་ཡིན་པར་བརྗོད། སྔོན་ཆད་ནོར་ལུག་ལ་ནད་རིགས་འདྲ་མིན་བྱུང་ཚེ་རྨ་འགྲམ་དུ་དེད་དེ་ཆུས་བཀྲུས་ན་ནད་འཇོམས་ནུས་པའི་བཤད་སྲོལ་ཡོད། བོད་མིའི་བསམ་བློའི་འདུ་ཤེས་དེ་དག་གིས་སྔོན་ནས་ད་ལྟའི་བར་མཚོ་བོད་མཐོ་སྒང་གི་ཆུ་བོ་ཀུན་ལ་སྲུང་སྐྱོབ་ཀྱི་ནུས་པ་གལ་ཆེན་ཞིག་ཐོན་ཡོད་པ་ནི་སྨོས་མི་དགོས་པ་ཞིག་རེད། 
གསུམ། སྲོལ་རྒྱུན་རི་མོ་དང་འབྲེལ་ནས་ཁོར་ཡུག་སྲུང་སྐྱོབ་ཐད་ཐོན་པའི་དགེ་མཚན། 
        བོད་མིའི་ཐང་ཀ་དང་རི་མོ་ལ་ལྟ་དུས་སུ་བོད་མིའི་འདས་སོང་གི་ལོ་རྒྱུས་སམ་བསམ་བློའི་འདུ་ཤེས་དང་མོས་འདུན་དེ་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ་ལ། མེས་པོ་དག་གིས་ཁོར་ཡུག་སྲུང་སྐྱོབ་ཐད་ལ་བཟུང་བའི་བསམ་བློའི་འདུ་ཤེས་དེ་ཡང་འཚོ་བའི་རི་མོའི་སྟེང་ནས་མཐོང་ཐུབ་སྟེ། དཔེར་ན།“སྨན་ཐང་བརྒྱད་ཅུ”དང“སྡོང་འགྲེམ”ལྟ་བུའི་རི་མོ་ལ་ཆ་མཚོན་ནའང་། ནད་རིགས་བཞི་བརྒྱ་རྩ་བཞིའི་འབྱུང་རྐྱེན་དང་དེ་དག་བཅོས་ཐབས་སོགས་ལྗོན་ཤིང་གི་རི་མོའི་སྟེང་དུ་རེ་རེ་བཞིན་བྲིས་ཏེ་གསལ་བཤད་བྱས་ཡོད། དེས་ཀྱང་བོད་མིའི་མེས་པོ་རྣམས་ཀྱིས་སྔོན་ནས་བཟུང་རང་བྱུང་ཁམས་དང་ལུས་ཁམས་བདེ་ཐང་གཉིས་བར་འབྲེལ་བ་ཡོད་པ་དང་རང་བྱུང་ཁོར་ཡུག་ནི་མིའི་ལུས་ཁམས་བདེ་ཐང་གི་གཞི་རྩ་ཡིན་པ་རྟོགས་ཡོད། 
        ཡང་ང་ཚོས་ནམ་རྒྱུན་མིག་མཐོང་ལག་ཟིན་ཏུ་གྱུར་པའི་སྡོམ་བརྩོན་དམ་པའི་རི་མོ་ལས་ཀྱང་བོད་མིས་སྐྱེ་ཁམས་ཁོར་ཡུག་ལ་བཟུང་བའི་འདུ་ཤེས་གསལ་ཏེ། བོད་མིའི་མེས་པོ་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དོ་མཉམ་ཐད་ཀྱི་བསམ་བློའི་འདུ་ཤེས་ཤིག་ཕྱིར་མིག་ལམ་དུ་མངོན་ཡོད་ཅེས་བཤད་ཆོག་པ་རེད།དཔེར་ན། བོད་མིའི་ཁྱིམ་ཚང་དང་དགོན་པའི་གྱང་ངོས་སུ་བྲིས་ཡོད་པའི་མཐུན་པ་སྤུན་བཞི་སྟེ་གླང་ཆེན་དང་སྤྲེའུ། རི་བོང་། བྱ་སྲེག་པ་བཅས་ཀྱིས་ཕན་ཚུན་ལ་བརྩི་བཀུར་དང་བསླབ་ཁྲིམས་བཅས་པ་དང་། དེ་ལས་ཡུལ་དེར་ལོ་ཕྱུགས་ལེགས་ཤིང་མི་ཕྱུགས་བདེ་བ་སོགས་ཀྱི་བཀྲ་ཤིས་པའི་དགེ་མཚན་བསམ་གྱིས་མི་ཁྱབ་པ་བྱུང་བས། ཡུལ་མི་རྣམས་ཀྱིས་ཀྱང་སྲོག་ཆགས་བཞི་པོར་མིག་དཔེར་བལྟས་པ་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་ཡིད་དབང་འཕྲོག་པའི་གཏམ་རྒྱུད་ཡོད་པ་ལས། བོད་མིའི་རང་བྱུང་མཐུན་སྦྱོར་གྱི་བསམ་བློ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་བསླབ་བྱ་དེ་གསོན་ཉམས་ལྡན་པའི་སྒོ་ནས་སྒྱུ་རྩལ་གྱི་གཟུགས་བརྙན་དུ་དྲངས་ཡོད། 
        དེ་བཞིན་དུ་དམངས་ཁྲོད་ན་དར་ཁྱབ་ཆེ་བའི་རི་མོ་ཚེ་རིང་རྣམ་དྲུག་སྟེ། བྲག་ཚེ་རིང་། ཆུ་ཚེ་རིང་། ཤིང་ཚེ་རིང་། མི་ཚེ་རིང་། བྱ་ཚེ་རིང། རི་དྭགས་ཚེ་རིང་བཅས་ཀྱི་མིའི་རིགས་འཚོ་གནས་ཀྱི་རང་བྱུང་ཁམས་ཆེན་མོའི་རྟེན་འབྱུང་གི་འབྲེལ་བ་མཚོན་ཡོད་ལ། པཎ་ཆེན་ཆོས་ཀྱི་ཉི་མས། “སྔོན་ཚེ་མ་ཧཱ་ཙི་ནའི་ཡུལ་གྲུ་འདིར། །དུས་གསུམ་སྲས་བཅས་རྒྱལ་བའི་བྱིན་བརླབས་པས། །མི་འགྱུར་མི་ཤིགས་ཁྱད་ཆོས་བདུན་ལྡན་པའི། །གཞོམ་བྲལ་རྡོ་རྗེའི་རང་བཞིན་བྲག་རི་བསྐྲུན། །དེ་ཡི་ངོགས་ལས་འཆི་མེད་བདུད་རྩིའི་རྒྱུན། །ལྷུང་ལྷུང་རྒྱུན་མར་འབབ་པའི་བརླན་གཤེར་ལས། །རོ་མཆོག་བརྒྱ་ལྡན་འབྲས་བུས་ཡོངས་དུད་པའི། །ཚེ་རིང་ལྗོན་ཤིང་རྒྱས་ཤིང་དེ་ཡི་དྲུང་། །ཚེ་སྣང་དཔག་མེད་མགོན་གྱི་གཟི་བྱིན་སྟོབས། །སྙིང་ལ་ཞུགས་པ་བདེ་གསལ་མི་རྟོག་པའི། །ཡེ་ཤེས་ཏིང་འཛིན་མངོན་འགྱུར་དྲང་སྲོང་ཆེ། །ཚེ་རིང་གྲགས་སྙན་འབར་པ་དགྱེས་བཞིན་བཞུགས། །དྲང་སྲོང་ཆེན་པོའི་ཆབ་གཏོར་རིལ་བུའི་ཚོགས། །ལོངས་སུ་སྤྱད་པས་རི་དྭགས་ཚེ་རིང་ཐོབ། །ལྗོན་འབྲས་འཆི་མེད་བཏུང་བའི་རྒྱུན་བཟང་པོར། །འབད་མེད་སྤྱད་པས་ཚེ་རིང་འདབ་ཆགས་བྱུང་། །དེ་ལྟར་རྟེན་འབྲེལ་ཕུན་ཚོགས་མི་བསླུའི་སྟོབས། །བདེན་པའི་མཐུ་ལས་དྲུག་ལྡན་ཚེ་རིང་གཟུགས། །གང་དུ་མཆིས་འདིར་མི་ཤིས་རྒུད་པའི་ཚོགས། །སྤྱི་དང་ཁྱད་པར་དུས་མིན་འཆི་བ་ཡི། །འཇིགས་པ་ཀུན་བཅོམ་བདེ་སྐྱིད་དཔལ་འབྱོར་སྟོབས། །ཚེ་དང་བསོད་ནམས་མཁོ་རྒུའི་ནོར་ལོངས་སྤྱོད། །གོང་ནས་གོང་དུ་འཕེལ་ཞེས་དྲང་སྲོང་གི། །བདེན་ཚིག་དེ་བཞིན་གནས་འདིར་ལྷུན་གྲུབ་ཤོག །”ཅེས་གསུངས་པ་བཞིན། ཆུ་ནི་མིའི་རིགས་འཚོ་གནས་ཀྱི་རྩ་བའི་ཆ་རྐྱེན་དང་། རྡོ་ནི་ས་གཞི་དང་རྩི་ཤིང་ཡོད་ཚད། མི་ནི་བྱ་དངོས་ཀུན་གྱི་བདག་པོ་དང་། བྱ་ནི་བྱ་རིགས་ཡོད་ཚད་དང་བཀྲ་ཤིས་པའི་རྟགས། རི་དྭགས་ནི་སྲོག་ཆགས་ཡོད་ཚད་ཀྱི་མཚོན་དོན་ཡིན་ལ། རི་མོ་དེས་བོད་མིའི་སྲོལ་རྒྱུན་གྱི་བསམ་བློའི་འདུ་ཤེས་ཁྲོད་མི་དང་རང་བྱུང་ཁམས་བར་ལ་འཆམ་མཐུན་བྱུང་ན་ཚེ་རིང་བ་དང་། བསོད་ནམས་མཁོ་རྒུའི་ནོར་ལོངས་སྤྱོད་དར་ནས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་ཐུབ་པར་འདོད་པའི་བསམ་བློ་དེ་ཕྱི་གཟུགས་བརྙན་གྱི་རི་མོར་ཕབ་ནས་བསྒྲགས་ཡོད་དོ། །
         (རྩོམ་འདི་མཚོ་སྔོན་བོད་ཡིག་གསར་འགྱུར་ལས་བཤུས།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1